གྲྭ་པ་སྐྱབས་བཅོལ་བ་ཞིག་གི་བརྒྱུད་ལམ།
ཁོ་ཚོས་རྒྱ་གར་དུ་གཉེན་འཕྲད་ལ་འགྲོ་དགོས་ཚུལ་དང༌། གལ་ཏེ་བོད་དུ་ཕྱིར་འབུད་བྱས་ཚེ་སྲོག་ལ་ཉེན་ཁ་ཡོད་ལུགས་འགྲེལ་བཤད་ཡུན་རིང་བྱས་རྗེས། འབྲུག་པ་ཉེན་རྟོག་པས་ཀྱང་ཁོ་ཚོ་ཡང་རྒྱ་མི་ལ་མི་དགའ་ཚུལ་དང༌། ཁྱེད་ཚོ་བོད་དུ་ཕྱིར་འབུད་བྱེད་རྒྱུ་མིན་ཚུལ་ངག་འཇམ་པོ་ཤ་སྟག་བཤད་རྗེས་བོད་འབྲུག་མཐའ་མཚམས་དམག་སྒར་དུ་ཉིན་གཅིག་བཞག་རྗེས་བོད་དུ་ཕྱི་འཕུད་བྱས་ནས་གལ་ཏེ་ཁྱེད་ཚོ་ཚུར་ཡོང་ཚེ་མེ་མདའ་རྒྱག་རྒྱུ་ཡིན་ཚུལ་བཤད་འདུག ཁོ་ཚོ་དེ་ནས་མཆོད་རྟེན་ཉི་མར་འགྲོ་ཚེ་རྒྱ་གཞུང་གི་ཉེན་རྟོག་པ་ཁ་ཤས་སླེབས་ནས་ཁྱེད་ཚོ་གང་དུ་འགྲོ་རྒྱུ་ཡིན་ཚུལ་འདྲི་སྐབས། ང་ཚོ་མཆོད་རྟེན་ཉི་མ་མཇལ་དུ་འགྲོ་རྒྱུ་ཡིན་ཚུལ་བརྗོད་ཀྱང༌། ཉེན་རྟོག་པས་ཁྱེད་ཚོ་འབྲུག་ནས་ཡོང་བ་རེད། འབྲུག་པས་ང་ཚོར་ཁ་པར་བརྒྱབ་སོང་བརྗོད་དེ་མི་ལྔ་པོར་ལག་ལྕགས་བརྒྱབ་ནས་གྲོ་མོར་བསྐྱལ་བ་དང༌། དེར་ཉིན་ཉི་ཤུ་བཀག་རྗེས་རྒྱ་སྒོར་ཁྲི་གཅིག་དང་སྟོང་ལྔ་འཕྲོགས་ནས་གཞིས་ཀ་རྩེར་རྩིས་སྤྲོད་བྱས་འདུག གཞིས་ཀ་རྩེར་ཟླ་བ་གཉིས་ལྷག་ལས་ཀ་བྱེད་བཅུག་རྗེས་ཕ་ཡུལ་ནག་ཆུ་ཨ་མདོ་རྫོང་གི་ཉེན་རྟོག་པར་རྩིས་སྤྲོད་བྱས་ནས་ཉིན་བཅོ་ལྔ་བཀག་ཉར་བྱས། དེར་མི་རེར་སྒོར་སྟོང་ཕྲག་གཉིས་རེ་དགོས་ལུགས་བཤད་ཀྱང་ཁོ་ཚོའི་ལག་ཏུ་ཡོད་པའི་སྒོར་ཉིས་སྟོང་དེ་སྤྲད་ནས་གཞན་སྒོར་མོ་མེད་ཚུལ་བཤད་དེ་ཕ་ཡུལ་དུ་ཕྱིར་སློག་བྱས་འདུག་ཀྱང་དགོན་པའི་ནང་སྡོད་བཅུག་མེད་འདུག། བལ་ཡུལ་གསར་འགོད་པས།