ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད།

ཆོས་ཉན་པའི་སྐབས། རང་ཉིད་ཀྱི་སེམས་ལ། འདི་ལྟར་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་རང་གི་ཐོག་མ་མེད་པའི་དུས་ནས་ཕ་མ་བྱས་པ་གཅིག་ཀྱང་མེད། ཕ་མ་བྱས་དུས་སུ་དྲིན་ཆེན་པོས་བསྐྱངས། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེ་གཡོགས། ཤིན་ཏུ་བྱམས་པས་སྐྱེད་བསྲིངས་པའི་དྲིན་ཆེན་ཤ་སྟག་ཡིན་ལ། དྲིན་ཆེན་དེ་དག་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་བཅུ་སྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང༌། དེའི་རྒྱུ་མི་དགེ་བ་བཅུ་སྤངས་མི་ཤེས་པར། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་ནས། ལམ་ལོག་པར་མགོ་རྨོངས་སུ་གྱུར་པ་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་གིས་ད་རེས་དམ་པའི་ཆོས་ཟབ་མོ་ཉན་ནས་ཉམས་སུ་བླངས་ཏེ་འདི་རྣམས་ཀྱི་དོན་སྒྲུབ་ཏུ་ཡོད་པས་ཕ་མར་གྱུར་པའི་སེམས་ཅན་རིགས་དྲུག་སྡུག་བསྔལ་གྱིས་གདུང་བ་འདི་རྣམས་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ཏེ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་འདི་ཡིན། འདི་ལྟ་བུའི་ཀུན་སློང་ནི། ཆོས་ཉན་དུས་སྒྲུབ་དུས་ཐམས་ཅད་ལ་མེད་ཐབས་མེད་པ་ཞིག་ཡིན་ཏེ། ལུས་ངག་ཡིད་གསུམ་ནས་དགེ་བའི་རྩ་བ་རྒྱ་ཆེ་ཆུང་ཇི་ལྟ་བུ་ཞིག་བསྒྲུབ་ཀྱང༌། དམ་པ་གསུམ་གྱིས་རྩིས་ཟིན་དགོས་པ་ཧ་ཅང་གལ་ཆེ་ལ། ཐོག་མ་འགོ་འཛུགས་པའི་སྐབས་སུ་མ་རྒན་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕངས་འཐོབ་པར་བྱེད་པའི་ཆེད་དུ་ངས་དགེ་བའི་རྩ་བ་འདི་དང་འདི་ལྟ་བུ་བསྒྲུབ་པར་བྱའོ་སྙམ་པ། དགེ་རྩ་དེ་ཐབས་ཀྱིས་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད་དམ་པ། དགེ་བ་གང་དང་གང་ཡིན་ཡང་སྒྲུབ་བཞིན་པའི་སྐབས་སུ་རབ་ན་བསྐྱེད་རྫོགས་ཀྱི་གདེང་དང་ལྡན་པའི་ཐོག་ནས་བསྒྲུབ་དགོས་པ་དང༌། དེ་ལྟ་བུའི་ནུས་པ་མེད་ནའང་དཔེར་ན་ཁ་ཏོན་ལྟ་བུ་བྱེད་པའི་སྐབས་སུ་སེམས་གཞན་དུ་མི་ཡེངས་པར་ཚིག་རྗེས་དོན་དྲན་ལྟ་བུ་བྱེད་དགོས་པ་དེ། དགེ་བ་དེ་རྐྱེན་གྱིས་མི་བཤིག་པར་བྱེད་པ་དངོས་གཞི་དམིགས་མེད་དམ་པ་ཡིན། དགེ་བ་གང་དང་གང་བསྒྲུབས་ཀྱང་རྗེས་སུ་བསྔོ་བ་དང་སྨོན་ལམ་གྱི་རྒྱས་འདེབས་དགོས་པ་དང༌། རང་ངོས་ནས་བསྔོ་བ་རྒྱ་ཆེན་པོ་བྱེད་མི་ཤེས་མཁན་ཞིག་ཡིན་ཡང༌། སྔོན་གྱི་དུས་སུ་རྗེ་བཙུན་འཇམ་དཔལ་དབྱངས་དང༌། ཀུན་ཏུ་བཟང་པོ་སོགས་ཀྱིས་ཇི་ལྟར་བསྔོ་བ་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་དགེ་བ་རྩ་བ་འདི་དག་སེམས་བསྔོ་བ་དང་སྨོན་ལམ་བྱེད་རྒྱུ་ཡིན་སྙམ་སྟེ། ངག་ནས་འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌།། ཀུན་ཏུ་བཟང་པོའི་དེ་ཡང་དེ་བཞིན་དེ།། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར།། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། ཞེས་བསྐྱོར་ནས་བསྔོ་བ་བྱེད་དགོས་པ་དེ། དགེ་བ་དེ་གོང་ནས་གོང་དུ་འཕེལ་བར་བྱེད་འཇུག་པ་བསྔོ་བའི་རྒྱས་ཡོངས་སུ་ཐེབས་པ་སྟེ་དམ་པ་གསུམ་གྱི་རྩིས་ཟིན་པ་འདི་མེད་ཐབས་མེད། དེས་ན་ཆོས་ཉན་པ་ལའང༌། དང་པོ་ཉན་པའི་ཚུལ་གཙོ་ཆེ། དེ་ལས་ཀྱང་ཀུན་སློང་འདི་གཙོ་ཆེ་སྟེ། ཇི་སྐད་དུ། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས།། དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། ཞེས་པ་ལྟར་རང་ཉིད་ཆེ་འདོད་དང་གྲགས་འདོད་ལ་སོགས་འཇིག་རྟེན་ཚེ་འདིའི་དོན་དུ་གཉེར་བའི་ཀུན་སློང་གིས། ཆོས་ཇི་ཙམ་ཉན་ཡང༌། ཡང་དག་པའི་ཆོས་སུ་མི་འགྲོ་བས་དང་པོ་ཁ་ནང་དུ་ལོག་སྟེ་རང་གི་ཀུན་སློང་བཅོས་པ་འདི་གཙོ་ཆེ། ཀུན་སློང་འདི་ལྟར་བཅོས་ཤེས་ན་དགེ་བ་ཐབས་ཀྱིས་ཟིན་ཏེ་སྐྱེས་བུ་ཆེན་པོའི་བསོད་ནམས་ཚད་མེད་པའི་འཇུག་ངོགས་སུ་འགྱུར་རོ།། གོང་དུ་དྲངས་པ་བཞིན་དགེ་བའི་བྱ་བ་གང་དག་གང་ཡིན་ཡང་ཕྱིའི་ལྟ་སྣང་གི་ཐོག་ནས་དགེ་བ་རྒྱ་ཆེན་པོ་ཞིག་བྱེད་བཞིན་ཡོད་པ་ལྟ་བུར་མཐོང་སྲིད་ཀྱང༌། དོན་དངོས་ཀུན་སློང་གིས་རྩིས་ཟིན་མེད་ན། དོན་འབྲས་ཧ་ཅང་ཆུང་བས་དགེ་འདུན་ལ་སྐུ་འགྱེད་དང༌། སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་བསྙེན་བཀུར་སོགས་ཡར་དཀོན་མཆོག་ལ་མཆོད་པ་དང༌། མར་ངན་སློང་ལ་སྦྱིན་པ་གང་དང་གང་ཡིན་ཡང་ཀུན་སློང་དགེ་བས་རྩིས་ཟིན་པ་ཞིག་དགོས་པ་ཧ་ཅང་གལ་ཆེ་བ་རྒྱུད་ལུང་ཀུན་ཏུ་གསལ་ཡོད། ཀུན་སློང་ཡང་དག་པ་མེད་པའི་ཆོས་ཀྱི་གཟུགས་བརྙན་རྒྱ་ཆེན་པོ་ཇི་ལྟར་བྱས་པ་ལས། ཀུན་སློང་ཡང་དག་པའི་རྩིས་ཀྱིས་ཟིན་པའི་མར་མེ་ཀོང་བུ་གཅིག་ཕུལ་བའི་བསོད་ནམས་ཆེ་བ་དབུལ་མོ་བསྙེན་དགའ་མོ་མར་མེ་གཅིག་ཕུལ་བས་དགྲ་བཅོམ་པའི་གོ་འཕང་བརྙེས་པ་ལྟ་བུ་ཡིན་པས། དགེ་བ་གང་བསྒྲུབ་ཀྱང་ཀུན་སློང་མ་ནོར་བ་ཞིག་དགོས། དེ་ལྟར་ཀུན་སློང་བཅོས་མ་ཤེས་ན་ཆོས་ཉན་ལོ་དང་སྒྲུབ་ལོ་བྱས་ཀྱང་ཆོས་ཀྱི་གཟུགས་བརྙན་དུ་འགྲོ་བས་ཆོས་ཉན་དུས་སྒྲུབ་དུས། ལྷ་བསྒོམ་ཡང༌། སྔགས་བཟླ་ཡང༌། ཕྱག་འཚལ་ཡང༌། བསྐོར་བ་བྱེད་ཀྱང༌། ཐ་ན་མ་ཎི་འབྲུ་གཅིག་འདོན་ཡང་ཀུན་སློང་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པ་འདི་གལ་ཆེ།

ཆོས་ཉན་པའི་ཀུན་སྤྱོད་ལ། སྤང་བྱའི་ཀུན་སྤྱོད་དང༌། བླང་བྱའི་ཀུན་སྤྱོད་གཉིས་ཡོད་པ་ལས། དང་པོ་སྤང་བྱའི་ཀུན་སྤྱོད་ལའང༌། དབྱེ་ན་སྣོད་ཀྱི་སྐྱོན་གསུམ་དང༌། དྲི་མ་དྲུག མི་འཛིན་པ་ལྔ་བཅས་ཡོད།

དང་པོ་སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབས་ལྟ་བུའི་སྐྱོན།། ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན།། ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན།། ཞེས་སྣོད་ཀྱི་སྐྱོན་གསུམ་ཡིན།

སྣོད་ཀྱི་སྐྱོན་གསུམ་པོ་ནི། རྣ་བ་མི་གཏད་ཁ་སྦུབས་ལྟ་བུའི་སྐྱོན་ཞེས་པ་དེ། ཆོས་ཉན་པའི་སྐབས་སུ་རང་གི་རྣ་བའི་ཤེས་པ་ཡུལ་གཞན་དུ་མི་ཡེངས་པར་ཆོས་འཆད་པའི་སྒྲ་དེ་ལ་གཏད་ནས་ཉན་དགོས། དེ་ལྟར་མ་ཉན་ན་སྣོད་ཁ་སྦུབས་པའི་སྟེང་དུ་ཟས་དང་ཆུ་སོགས་བཅུད་བླུགས་པ་དང་འདྲ་སྟེ། སྣོད་ཀྱི་ནང་དུ་ཡོང་ཐབས་གཏན་ནས་མེད་པས། ལུས་ཆོས་གྲལ་དུ་ཡོད་ཀྱང་སེམས་ཆོས་གྲལ་དུ་མེད་པས་ཆོས་ཀྱི་གོ་དོན་ཚིག་གཅིག་ཀྱང་རང་གིས་མི་ཐོས། གཉིས་པ་དེ་ལྟར་ཐོས་པའི་ཆོས་དེ་ཡང་གོ་ལོ་དང་ཐོས་ལོར་བཞག་ནས་ཡིད་ལ་མ་བཟུང་ན་སྣོད་ཞབས་རྡོལ་གྱི་ནང་དུ་ཟས་དང་ཆུ་སོགས་བཅུད་ཅི་ཙམ་བླུགས་ཀྱང་ཆགས་རྒྱུ་མེད་པ་དང་འདྲ་སྟེ་ཆོས་ཅི་ཙམ་ཉན་ཡང་རྒྱུད་ཐོག་ཏུ་བཀལ་ནས་ཉམས་སུ་ལེན་མི་ཤེས། གསུམ་པ་ཆོས་ཉན་པའི་དུས་སུ་རང་ཉིད་ཆེ་འདོད་དང་གྲགས་འདོད་ལ་སོགས་ཀུན་སློང་སྐྱོན་ཅན་གྱིས་ཉན་པའམ། ཆགས་སྡང་རྨོངས་གསུམ་སོགས་དུག་ལྔའི་རྟོག་པ་དང་འདྲེས་ཏེ་ཉན་ན་ཆོས་ཀྱིས་སེམས་ལ་མི་ཕན་པར་མ་ཟད། ཆོས་ཀྱང་ཆོས་མིན་དུ་འགྲོ་སྟེ་དུག་ཅན་གྱི་སྣོད་དུ་བཅུད་བཟང་པོ་བླུགས་པ་དང་འདྲ། དེས་ན་རྒྱ་གར་དམ་པས་ཀྱང༌། ཆོས་ཉན་པའི་དུས་སུ་རི་དྭགས་སྒྲ་ལ་ཉན་པ་ལྟ་བུ་ཞིག་དགོས། ཆོས་བསམ་པའི་དུས་སུ་བྱང་པས་ལུག་བལ་འབྲེག་པ་ལྟ་བུ་ཞིག་དགོས། ཆོས་སྒྲུབ་པའི་དུས་སུ་གཡག་ལྟོགས་པས་རྩྭ་ཟ་བ་ལྟ་བུ་ཞིག་དགོས། ཞེས་གསུངས་པ་ལྟར། ཆོས་ཉན་པའི་དུས་སུ་རི་དྭགས་པི་ཝང་གི་སྒྲ་ལ་ཆགས་ཏེ་ཟུར་ནས་རྔོན་པས་དུག་མདའ་བསྣུན་ཀྱང་མི་གོ་བར་སིམ་མེ་ཉན་པ་དང་འདྲ་བར། ལུས་བ་སྤུ་གཡོ་ཞིང་མིག་མཆི་མ་འཁྲུགས། ལག་ཐལ་མོ་སྦྱར་ཏེ་རྣམ་རྟོག་གཞན་གྱི་བར་མ་ཆོད་པར་ཉན་དགོས་པ་ལས། ལུས་ཆོས་གྲལ་དུ་བསྡད་ཀྱང༌། སེམས་རྣམ་རྟོག་གིས་ཕྱི་ལ་འབྲང༌། ངག་འཁྱལ་གྱི་གཏེར་སྒོ་ཕྱེས། ཁ་ཡེངས་དང་མིག་ཡེངས་བྱས་ནས་ཉན་པས་མི་འོང་བས་ཆོས་ཉན་པའི་སྐབས་སུ་ཁ་ཏོན་དང༌། ཕྲེང་བ་བགྲང་པ། འཁོར་ལོ་སྐོར་བ་སོགས་དགེ་སྦྱོར་གྱི་རྣམ་པ་རྣམས་ཀྱང་བཞག་ནས་ཉན་དགོས། དེ་ལྟར་ཉན་ནས་གང་གསུངས་པའི་དོན་དེ་དག་ཡིད་པ་བཟུང་སྟེ་མ་བརྗེད་པར་བྱས་ནས་རྒྱུན་དུ་ཉམས་སུ་ལེན་དགོས་ཏེ། ཐུབ་པ་ཆེན་པོས་ཀྱང༌། ངས་ནི་ཁྱེད་ལ་ཐར་བའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར། བླ་མས་སློབ་མ་ལ་ཆོས་འཆད་པ་དེ། ཆོས་ཉན་ཚུལ་དང་སྒྲུབ་ཚུལ། སྡིག་པ་སྤང་ཚུལ། དགེ་བ་སྒྲུབ་ཚུལ། ཉམས་སུ་ལེན་ཚུལ་རྣམས་སློབ་པ་ཡིན་པས། སློབ་མས་ཀྱང་དེ་རྣམས་མ་བརྗེད་པར་ཡིད་ལ་བཟུང་ནས་ཉམས་སུ་བླངས་ཏེ་མངོན་དུ་བྱེད་དགོས་ཀྱི། ཡིད་ལ་མ་བཟུང་ན་ཆོས་ཐོས་པའི་ཕན་ཡོན་ཙམ་ཡོད་སྲིད་ཀྱང༌། ཆོས་ཀྱི་ཚིག་དོན་ཅུང་ཟད་ཀྱང་མི་ཤེས་པས་ཆོས་མ་ཐོས་པ་དང་ཁྱད་པར་མེད། ཡིད་ལ་བཟུང་ཡང་ཉོན་མོངས་དང་འདྲེས་ན་ཆོས་ཡང་དག་པར་མི་འགྲོ་སྟེ། མཉམ་མེད་དྭགས་པོས། ཆོས་ཆོས་བཞིན་དུ་མ་སྤྱད་ན། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་ཅེས་པ་ལྟར། ཡར་བླ་མ་དང་ཆོས་ལ་ལོག་རྟོག བར་མཆེད་གྲོགས་ལ་ཟུར་ཟ། ང་རྒྱལ་དང་ཁྱད་གསོད་ལ་སོགས་པ་མི་དགེ་བའི་རྟོག་པ་དང་བཅས་པས་ནི་ངན་སོང་གི་རྒྱུ་བྱེད་པས་དེ་དག་སྤང་དགོས།

གཉིས་པ་དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང༌། དོན་དུ་གཉེར་བ་མེད་ཉིད་དང༌། ཕྱི་རོལ་རྣམ་གཡེང་ནང་དུ་སྡུད།། སྐྱོ་བ་ཉན་པའི་དྲི་མ་ཡིན།། ཞེས་པ་ལྟར། ཆོས་འཆད་པའི་བླ་མ་ལས་ཀྱང་ང་ལྷག་སྙམ་པའི་ང་རྒྱལ། ཆོས་དང་བླ་མ་ལ་མ་དད་པ། ཆོས་ལ་དོན་གཉེར་མེད་པ། སེམས་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ། དབང་པོ་སྒོ་ལྔ་ནང་དུ་སྡུད། ཆོས་ཐུན་རིང་དྲགས་པ་སོགས་ཀྱིས་སྐྱོ་བ་སྟེ་དྲི་མ་དྲུག་པོ་འདི་སྤང་དགོས། དེ་ཡང་ཉོན་མོངས་པ་རྣམས་ལས་ང་རྒྱལ་དང༌། ཕྲག་དོག་གཉིས་པོ་འདི་ངོས་ཟིན་དཀའ་བས་རང་རྒྱུད་ལ་ཞིབ་ཏུ་བརྟགས་ནས། རང་ལ་ཆོས་དང་འཇིག་རྟེན་གང་ཐད་ནས་ཡོན་ཏན་ཕྲན་བུ་རེ་ཡོད་པ་ལའང༌། ང་རང་དེ་དང་དེ་ལྟ་བུ་ཡིན་ནོ་སྙམ་ནས་ཆེད་དུ་འཛིན་ན་རང་རྒྱུད་ཀྱི་སྐྱོན་མི་མཐོང༌། གཞན་གྱི་ཡོན་ཏན་མི་ཤེས་པ་ཡིན་པས། ང་རྒྱལ་སྤངས་ནས་རྟག་ཏུ་དམན་ས་འཛིན། དད་པ་མེད་ན་ཆོས་ཀྱི་འཇུག་སྒོ་འགགས་པ་ཡིན་པས་དད་པ་རྣམ་པ་བཞིའི་ནང་ནས་མི་ལྡོག་པའི་དད་པ་འཆང༌། ཆོས་ལ་དོན་གཉེར་བྱེད་པ་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས་དོན་གཉེར་རབ་འབྲིང་ཐ་གསུམ་ལས་ཆོས་པ་རབ་འབྲིང་ཐ་གསུམ་འོང༌། ཆོས་ལ་དོན་གཉེར་མ་བྱས་ན་ཆོས་རྩ་བ་ནས་མི་འགྲུབ། འཇིག་རྟེན་པའི་ཁ་སྐད་ལའང༌། ཆོས་བདག་མེད་ལ་སྙིང་རུས་གང་ཆེ་ཟེར་བ་ལྟར་ཡིན། བདག་ཅག་གི་སྟོན་པས་ཀྱང་ཆོས་ཚིག་བཞི་རེའི་ཕྱིར་དུ་ལུས་ལ་ཤའི་ཀོང་བུ་བྲུས་ཏེ་འབྲུ་མར་གྱི་སྡོང་བུ་སྟོང་གཟུགས་པ་དང༌། སྐུ་ལུས་མེ་དོང་དུ་མཆོང་བ་དང༌། ལུས་ལ་ལྕགས་ཀྱི་གཟེར་བུ་སྟོང་བཏབ་པ་སོགས་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་ཆོས་ཞུས་པ་ཡིན་པས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི།། འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ།། ཞེས་པ་ལྟར་དོན་གཉེར་ཆེན་པོས་དཀའ་ཚེགས་ཚ་གྲང་ཐམས་ཅད་ཁྱད་དུ་བསད་དེ་ཉན་དགོས། ཕྱི་ཚོགས་དྲུག་གི་ཡུལ་ལ་རྣམ་ཤེས་གཡེངས་པ་ནི་འཁོར་བའི་འཁྲུལ་སྣང་ཐམས་ཅད་ཀྱི་རྩ་བ་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་ཏེ། དཔེར་ན་མིག་ཤེས་གཟུགས་ལ་ཆགས་པས་བྱེ་སླེབ་མར་མེར་འཆི། རྣ་ཤེས་སྒྲ་ལ་ཆགས་པས་རི་དྭགས་རྔོན་པས་གསོད། སྣ་དྲི་ལ་ཆགས་པས་བུང་བ་མེ་ཏོག་ཏུ་འཐུམ། ལྕེ་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་འཛིན། ལུས་རེག་བྱ་ལ་ཆགས་པས་གླང་པོ་འདམ་དུ་བྱིང་བ་ལྟ་བུ་དང༌། གཞན་ཡང་སྔོན་སོང་བག་ཆགས་ཀྱི་རྗེས་དཔྱོད་པ། མ་འོངས་པ་ཉོན་མོངས་ཀྱི་མདུན་བསུ་བ། ད་ལྟ་རྟོག་པ་རྐྱེན་ཡུལ་དུ་ཤོར་བ་གསུམ་པོ་འདི་དག་ཆོས་ཉན་འཆད་སྒོམ་སྒྲུབ་གང་གི་སྐབས་སུའང་སྤངས་དགོས་ཏེ། རྒྱལ་སྲས་རིན་པོ་ཆེས། སྔོན་སྤྱད་བདེ་སྡུག་ཆུ་ཡི་རི་མོ་འདྲ། །ཟིན་པ་རྗེས་མེད་ཡིན་གྱི་རྗེས་མ་གཅོད།། ཅིས་ཀྱང་དྲན་ན་འབྱོར་རྒུད་འདུ་འབྲལ་སོམས།། ལྟོས་ཐུབ་ཆོས་ལས་འདུག་གེ་མ་ཎི་བ།། ཕྱི་ཚེས་གྲབ་ཤོམ་གྲོག་སྐམ་ཉ་རྒྱ་འདྲ།། བསམ་པའི་ཐོག་ཏུ་མི་འབབ་འདོད་འདུན་སྐྱུངས།། ཅིས་ཀྱང་དྲན་ན་ནམ་འཆི་ཆ་མེད་སོམས།། ཆོས་མིན་བྱ་ལོང་འདུག་གེ་མ་ཎི་བ།། འཕྲལ་གྱི་བྱ་གཞག་རྨི་ལམ་སོ་ཚིས་འདྲ།། འབད་པ་དོན་མེད་ཡིན་གྱིས་སྐྱུར་ལ་ཐོངས།། ཆོས་མཐུན་ཟས་ཀྱང་ཞེན་མེད་རྒྱ་ཡིས་ཐོབ།། བྱ་བྱེད་སྙིང་པོ་མེད་དོ་མ་ཎི་བ།། རྗེས་ཐོབ་དུག་གསུམ་རྟོག་པའི་འདུལ་སྦྱོང་འདི།། དྲན་སྣང་ཐམས་ཅད་ཆོས་སྐུར་མ་ཤར་བར།། མེད་ཐབས་མེད་དོ་དགོས་དུས་དྲན་པར་གྱིས།། འཁྲུལ་རྟོག་ཡན་པར་མ་བཏང་མ་ཎི་བ།། ཞེས་དང༌། གཞན་ཡང་མ་འོངས་པ་ཡིས་མདུན་མ་བསུ།། མ་འོངས་པ་ཡི་མདུན་བསུ་ན།། ཟླ་བ་གྲགས་པའི་ཕ་དང་འདྲ།། ཞེས་གསུངས། སྔོན་མི་དབུལ་པོ་ཞིག་གིས་ནས་མང་དུ་རྙེད་པ་སྣོད་ཀྱི་ནང་དུ་བླུགས་ནས་སྟེང་དུ་བཏགས། ཁོ་རང་དེའི་འོག་ཏུ་ཉལ་ནས་ད་ངས་འདི་ལ་གཞི་བྱས་ལོངས་སྤྱོད་མང་པོ་འོང༌། དེའི་ཚེ་ཆུང་མ་ཞིག་ཀྱང་བསུ། དེར་བུ་ཞིག་ཀྱང་ངེས་པར་སྐྱེ་སྟེ་བུ་དེའི་མིང་གང་འདོགས་སྙམ་ཙ་ན་ཟླ་བ་ཤར་བྱུང་བས་ངས་བུ་དེ་ལ་ཟླ་བ་གྲགས་པར་གདག་གོ་སྙམ་པའི་སྐབས་ནས་སྣོད་ཀྱི་ལུང་བྱི་བས་ཟོས་ཏེ་ཆད་ནས་ཁོ་རང་གི་སྟེང་དུ་ལྷུང་བས་བསད་པ་ཡིན། དེ་ལྟར་འདས་མ་འོངས་ཀྱི་རྟོག་ཚོགས་མང་པོ་ཐོག་ཏུ་ཁེལ་དུས་མེད་ཅིང་རང་རྒྱུད་གཡེངས་པའི་རྒྱུ་ཡིན་པས། ལེགས་པར་སྤངས་ཏེ་དྲན་ཤེས་བག་ཡོད་དང་ལྡན་པས་ཉན། ཧ་ཅང་ནང་དུ་སྡུད་ཆེས་པ་དང༌། ཆོས་ཀྱི་ཚིག་དོན་རེ་རེ་སྤར་ཟིན་བྱེད་པ་ནི་དྲེད་མོས་བྱི་བ་བརྐོ་བ་ལྟར་རེ་རེ་ཟིན་དུས་རེ་རེ་བརྗེད་འགྲོ་བ་ལས་ཐམས་ཅད་ཤེས་དུས་མི་འོང༌། ཧ་ཅང་སྡུད་ཆེ་ན་གཉིད་རྨུགས་ལ་སོགས་པའི་སྐྱོན་ཀྱང་འཇུག་པ་ཡིན་པས་གྲིམས་ལྷོད་རན་པར་བྱ་སྟེ། སྔོན་གྲོ་བྱིན་སྐྱེས་ལ་ཀུན་དགའ་བོས་སྒོམ་བསླབས་པས། ཁོང་གིས་རེས་འགའ་ནི་གྲིམས་ཆེས། རེས་འགའ་ནི་ལྷོད་ཆེ་བས་སྒོམ་ཡང་དག་པ་སྐྱེར་མ་གཏུབ། བཅོམ་ལྡན་འདས་ལ་ཞུས་པས། ཚེ་དང་ལྡན་པ་ཁྱོད་ཁྱིམ་ན་གནས་པའི་ཚེ་པི་ཝང་སྦྲེང་བ་ལ་མཁས་སམ་གསུངས། དེ་ཤིན་ཏུ་མཁས་ཞུས་པས། ཁྱོད་ཀྱི་པི་ཝང་གི་སྒྲ་དེ་རྒྱུད་ཧ་ཅང་གྲིམས་པ་ལས་བྱུང་ངམ་ཧ་ཅང་ལྷོད་པ་བྱུང་གསུངས། དེ་གཉིས་ཀ་མ་ལགས་ཏེ་གྲིམ་ལྷོད་རན་པ་ལས་བྱུང་བར་ཞུས་པས། འོ་ན་ཁྱོད་ཀྱི་སེམས་དེ་དང་འདྲ་བར་གསུངས་པས་འབྲས་བུ་ཐོབ་པ་དང༌། མ་ལབ་སྒྲོན་གྱིས་ཀྱང༌། གྲིམས་ཀྱིས་སྒྲིམ་ལ་ལྷོད་ཀྱིས་ལྷོད།། དེ་ན་ལྟ་བའི་གནད་ཅིག་ཡོད།། གསུངས་པ་ལྟར། སེམས་ཧ་ཅང་གྲིམས་ཏེ་ནང་དུ་མི་སྡུད་པར་གྲིམས་ལྷོད་རན་པར་བྱས་ཏེ་དབང་པོ་བག་ཡངས་སུ་བཞག ཆོས་ཐུན་རིང་དྲགས་པས་བཀྲེས་པ་དང་སྐོམ་པས་ཉེན་པའམ། རླུང་དང་ཉི་ཆར་སོགས་ཀྱིས་གདུང་བ་ལྟ་བུས་སེམས་སྐྱོ་སྟེ་ཆོས་ཉན་མི་མོས་པ་སྤངས་ཏེ། ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་དང་མཇལ། ཟབ་མོ་གདམས་ངག་བར་དུ་ཚོགས་བསགས་པའི་འབྲས་བུ་ད་རེས་ཟབ་མོའི་དམ་ཆོས་ཉན་པ་འདི་ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན་པས་ཆོས་འདིའི་ཆེད་དུ་དཀའ་ཚེགས་ཚ་གྲང་ཅི་བྱུང་ཡང་བཟོད་པར་བྱ་དགོས་སྙམ་དུ་དགའ་བཞིན་སྤྲོ་བཞིན་དུ་ཉན་དགོས་པ་ཡིན།

གསུམ་པ་མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་འཛིན་པ། བརྡ་མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། ལོག་པར་འཛིན་པ་དང་ལྔ་སྤངས་དགོས། དེ་ཡང་ཚིག་སྙན་སྙན་ལེགས་ལེགས་རེ་བྱུང་ན་དེ་ཉིད་ཆེད་དུ་འཛིན་ཞིང་དོན་ཟབ་མོ་རྣམས་ལ་རྟོག་དཔྱོད་མི་འཇུག་ན་བྱིས་པ་མེ་ཏོག་བཏུ་བ་དང་འདྲ་སྟེ་ཚིག་གི་ན་ཡམ་གྱིས་སེམས་ལ་ཕན་མི་ཐོགས། བཤད་པ་ནི་ཚིག་གི་རོ་ཡིན་པས་དེ་ཅི་བྱ་སྙམ་སྟེ་ཁྱད་དུ་བསད་ནས་དོན་ཟབ་མོར་སྤར་ཟིན་བྱས་ཀྱང་ཚིག་ལ་མ་བསྟེན་པར་དོན་མི་འབྱུང་བས་ཚིག་དོན་ཡ་བྲལ། དྲང་ངེས་ལྡེམ་དགོངས་ཀྱི་གསུང་སྣ་ཚོགས་པ་རྣམས་བརྡ་མ་འཕྲོད་པར་བཟུང་ན་ཚིག་དང་དོན་དུ་འཛོལ་ནས་ཡང་དག་པའི་ཆོས་དང་རྒྱབ་འགལ། གོང་འོག་ནོར་ནས་བཟུང་ན་བསྟན་པའི་བབས་དང་འགལ་ཏེ་ཉན་འཆད་སྒོམ་པ་གང་གི་དུས་སུ་ཡང་འགལ་བ་འདུ། དོན་ལོག་པར་བཟུང་ན་ལོག་རྟོག་རྒྱུན་འབྱམས་ནས་རང་རྒྱུད་ཆུད་ཟོས་སུ་འགྱུར་ཞིང་བསྟན་པའི་རྐང་འདྲེན་པ་ཡིན་པས་དེ་དག་སྤངས་ཏེ་ཚིག་བརྡ་དོན་གོང་འོག་ཐམས་ཅད་མ་ནོར་བ་ཡང་དག་པའི་ལམ་ནས་འཛིན། གང་དཀའ་དཀའ་དང་མང་བ་ཡང་མི་ཟིན་སྙམ་དུ་སྒྱིད་མི་ལུག་པར་སྙིང་རུས་ཀྱིས་འཛིན། གང་སླ་བ་དང་ཉུང་བ་ཡང་སླ་ཆོས་ཀྱིས་བརྙས་བཅོས་མི་བྱེད་པར་མི་བརྗེད་པར་འཛིན། གོང་འོག་གི་བབས་དང་འབྲེལ་མ་ནོར་བར་ཚིག་དོན་ཐམས་ཅད་ཡང་དག་པར་འཛིན་དགོས་པ་ཡིན་ནོ།།

ཆོས་ཞུ་བའི་སྐབས་འདུ་ཤེས་བཞི་བརྟེན་དགོས་ཏེ། ཆོས་ལ་སྨན་གྱི་འདུ་ཤེས་དང༌། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས། ནན་ཏན་ཉམས་སུ་ལེན་པ་ནི་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ།། རང་ཉིད་ཐོག་མ་མེད་པའི་དུས་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་རྒྱུ་དུག་གསུམ་དང་འབྲས་བུ་སྡུག་བསྔལ་གསུམ་གྱི་ནད་ཀྱིས་མནར་བའི་ནད་པ་ལྟ་བུ་ཡིན་ཡིན་ལ། དཔེར་ན་ནད་ཚབས་པོ་ཆེས་བཏབ་པའི་ནད་པ་དེས་སྨན་པ་མཁས་པ་ཞིག་བསྟེན། སྨན་པ་དེས་ཇི་ལྟར་བསྒོ་བ་བཞིན་བསྒྲུབས་ནས་གང་བྱིན་པའི་སྨན་བཏུང་སྟེ་ནད་ལས་གྲོལ་བའི་བདེ་བ་དོན་དུ་གཉེར་བ་ལྟར། སྨན་པ་མཁས་པ་ལྟ་བུ་མཚན་ཉིད་དང་ལྡན་པའི་བླ་མས་ཅི་གསུང་གི་བཀའ་བསྒྲུབ་དམ་པའི་ཆོས་ཀྱི་སྨན་བཏུང་བས་ལས་ཉོན་སྡུག་བསྔལ་གྱི་ནད་ལས་གྲོལ་བར་བྱེད་དགོས་པ་ཡིན། བླ་མ་བསྟེན་ཀྱང་བླ་མའི་བཀའ་བཞིན་མ་བསྒྲུབས་ན་སྨན་པའི་བསྒོ་བ་མི་ཉན་ན། སྨན་པས་ནད་པར་ཕན་འདོགས་ཐབས་མེད་པ་དང་འདྲ། དམ་པའི་ཆོས་ཀྱི་སྨན་རང་གིས་བཏུང་སྟེ་ཉམས་སུ་མ་བླངས་ན་ནད་པ་ཞིག་གི་སྔས་སུ་སྨན་དང་སྨན་ཡིག་གྲངས་མེད་པ་ཡོད་ཀྱང་རང་གིས་སྨན་མ་བཏུང་ན་ནད་ལ་མི་ཕན་པ་དང་འདྲ། ལར་ད་ལྟའི་དུས་ན་བླ་མའི་ཐུགས་རྗེ་གཟིགས་ཟེར་ནས་རེ་བ་ཆེན་པོ་བྱེད་ཅིང་རང་གིས་མི་དགེ་བའི་ལས་དུ་མ་བསགས་ཀྱང་དེའི་འབྲས་བུ་མྱོང་མི་དགོས་པར་བླ་མའི་ཐུགས་རྗེས་དག་པའི་ཞིང་ཁམས་སུ་རྡོ་འཕེན་འཕེན་བྱེད་རྒྱུ་ཡོད་སྙམ་པ་འདུག་སྟེ། བླ་མས་ཐུགས་རྗེས་བཟུང་ཟེར་བ་དེ། བརྩེ་བས་རྗེས་སུ་བཟུང༌། ཟབ་མོའི་གདམས་ངག་བསྟན། སྤང་བླང་གི་དམིགས་ཕྱེ། རྒྱལ་བའི་བཀའ་དང་བསྟུན་ནས་ཐར་པའི་ལམ་སྟོན་པ་དེ་ལས་ལྷག་པའི་ཐུགས་རྗེ་ཅི་ཡང་མེད། ཐུགས་རྗེ་དེ་ལ་བརྟེན་ནས་ཐར་བའི་ལམ་དུ་འགྲོ་མི་འགྲོ་རང་ལ་རག་ལས་ཤིང༌། དེ་ལས་ཀྱང་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། བླང་དོར་གྱི་གནད་ཤེས། རང་ལ་རང་དབང་ཡོད་པའི་དུས་འདིར་འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་སོ་མཚམས་ཡིན་པས་བླ་མས་ཇི་ལྟར་བསྒོ་བ་བཞིན་ཉམས་སུ་བླངས་ནས་འཁོར་འདས་ཀྱི་འཁྲུན་ཐག་ཆོད་པ་ཞིག་བྱེད་པ་གལ་ཆེ།།