ཚེ་རིང་མཚོ་མོ།

སྤྱིར་ང་ཚོ་བཙན་བྱོལ་བོད་རིགས་ཚང་མ་ལ་མཚོན་ན་སྐྱབས་བཅོལ་གྱི་གནས་སྟངས་ཤིག་གི་འོག་ཏུ་ཡོད་པར་མ་ཟད། གཞུང་དང་མང་ཚོགས་གང་གི་ངོས་ནས་བཤད་ཀྱང་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་སློང་མོ་བརྒྱབ་ནས་བསྡད་ཡོད་པ་རེད། དེར་བརྟེན་མི་གཞན་ལ་རོགས་རམ་རྒྱ་ཆེན་པོ་བྱེད་རྒྱུ་ཁག་པོ་རེད་དེ་བསམ་བློའི་གོམས་གཤིས་ཀྱི་ནང་དུ་སོ་སོའི་འཇོན་ཐང་དང་ནུས་པ་ལ་དཔག་པའི་གཞན་ལ་རོགས་རམ་བྱེད་རྒྱུ་དེ་དྲན་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ཡང་རྒྱ་ཆེན་པོ་ཞིག་བྱེད་མ་ཐུབ་ཀྱང༌། བྱེད་ཐུབ་པའི་བྱ་བ་ཆུང་ཆུང་དེ་འདྲ་ཡང་ཡོད་པ་རེད། དཔེར་ན་ལས་བྱེད་ཅིག་ལ་མཚོན་ན་ཕ་མ་མེད་པའི་བུ་ཕྲུག་རེ་རེ་ལ་ཟླ་རེ་བཞིན་རྔན་པ་ཙག་ཙིག་རེ་སྤྲོད་རྒྱུ་དང༌། སྐབས་རེ་གུང་སེང་དུ་ལེན་རྒྱུ་བཅས་བྱེད་མི་ཐུབ་པ་ཞིག་མ་རེད། ང་རང་གི་ངོས་ནས་ཀྱང་འཇོན་ཐང་དང་དཔལ་འབྱོར་བཅས་ཕྱོགས་གང་ཐད་ནས་ནུས་པ་ཆེན་པོ་ཞིག་ཡོད་པ་མ་རེད་དེ། སོ་སོས་ནུས་ཚོད་དང་བསྟུན་ནས་ད་ལྟ་དྷ་སྟེང་བོད་ཁྱིམ་གྱི་བུ་ཕྲུག་ཕ་མ་མེད་མཁན་གཉིས་ལ་རྔན་པ་ཙག་ཙིག་རེ་སྤྲོད་རྒྱུ་དང༌། སྐབས་རེ་གུང་སེང་དུ་ལེན་གྱི་ཡོད། དེས་བུ་ཕྲུག་ཕ་མ་མེད་མཁན་དེ་ཚོའི་སེམས་པ་སྐྱིད་པོ་ཡོང་བ་དང༌། དེ་ལ་བརྟེན་ནས་སློབ་སྦྱོང་ལ་ནུས་པ་ཐོན་ཐུབ་པར་ཡང་ཕན་ཐོགས་ཡོད་པ་རེད་བསམ་གྱི་ཡོད། ཕྱི་རྒྱལ་བ་ཞིག་ཡིན་ན་བྱེད་ཐུབ་ཀྱི་ཡང་ཡོད་པ་རེད་ལ། བསམ་བློའི་གོམས་གཤིས་ཀྱི་ནང་དུའང་མི་གཞན་ལ་རོགས་རམ་བྱེད་རྒྱུ་དེ་ཡོད་པ་རེད། བོད་པའི་ངོས་ནས་བུ་ཕྲུག་ཕ་མ་མེད་པ་རེ་ཟུང་ལ་རོགས་རམ་བྱེད་རྒྱུ་སོགས་བྱེད་ཐུབ་མཁན་མང་པོ་ཡོད་པ་རེད་དེ། སོ་སོའི་སེམས་ཀྱི་ནང་དུ་རང་གི་བུ་ཕྲུག་ཙམ་མ་གཏོགས་གཞན་ལ་རོགས་རམ་བྱེད་རྒྱུའི་བསམ་བློ་དེ་ཧ་ཅང་ཉུང་ཉུང་རེད་བསམ་གྱི་འདུག ང་རང་ལ་མཚོན་ན་སོ་སོ་ཆུང་དུས་སློབ་གྲྭའི་ནང་དུ་ཡོད་སྐབས་མི་གཞན་དག་གིས་བྱམས་པོ་བྱས་པ་དང༌། བསམ་ངན་བྱས་པ་དེ་ཚོ་ད་ལྟ་ཡང་སེམས་ལ་དྲན་སོས་ཀྱི་འདུག དེ་ཡིན་དུས་ཡག་པོ་བྱས་པ་དེ་ཚོ་ད་ལྟ་དྲན་ཡང་སེམས་པ་སྐྱིད་པོ་ཡོང་གི་འདུག དེ་ལ་བརྟེན་ནས་ང་རང་གི་ངོས་ནས་གཞན་ལ་གང་ཐུབ་ཐུབ་ཀྱིས་རོགས་རམ་བྱེད་ཐུབ་ན་སྙམ་པའི་བསམ་བློ་དེ་འཁོར་སོང༌། བོད་རིགས་རྣམས་ཀྱིས་ཕ་མ་མེད་པའི་ཕྲུ་གུ་ཚོར་རོགས་རམ་གང་ཐུབ་གནང་རྒྱུའི་འབོད་སྐུལ་ཡང་གོ་སྐབས་འདི་དང་བསྟུན་ནས་ཞུ་རྒྱུ་ཡིན།།