བློ་བཟང་བཀྲ་ཤིས།
ད་བར་དུ་ང་ཚོར་ཐོབ་པའི་ཕམ་ཁ་རྣམས་ཉམས་མྱོང་དུ་ཁྱེར་ཏེ། མི་རིགས་ཀྱི་སློབ་གསོ་ཡང་དག་ཅིག་ཏུ་བརྩོན་དགོས་པ་ལས། དཔེ་དེབ་རི་ལུང་ཙམ་གྱི་ལུང་འདྲེན་ཞིག་གིས་ཅི་ཞིག་ཕན། མི་རིགས་སུ་ཡིན་ཡང་ཚེ་སྲོག་དང་ལས་དབང་ཇི་འདྲ་ཞིག་ཡོད་མེད། སློབ་གསོའི་ལམ་ལུགས་ཇི་འདྲ་ཞིག་བརྒྱུད་དགོས་མིན་ལ་ཐུག་པ་མཐོང་ཆོས་ཡིན་པས་གསལ་བཤད་མི་དགོས། དེའི་ཕྱིར་ཆོས་ལུགས་དང་རིག་གཞུང་སྐད་ཡིག་སོགས་ཀྱི་རིན་ཐང་དང་འཕེལ་རྒྱས་ནི། མི་རིགས་འཕེལ་རྒྱས་དང་མི་རིགས་ཀྱི་སློབ་གསོ་ཡང་དག་པ་ཞིག་ཡོང་མིན་ལ་ཐུག་པ་ཤེས་དགོས། མང་གཙོའི་དུས་དྲན་ཐེངས་ཞེ་ལྔ་པའི་མཛད་སྒོའི་ཐོག་ྋགོང་ས་མཆོག་གིས་རང་རེ་བོད་མིའི་ནང་དུ་སྔར་ལམ་དང་ཡིག་ལམ་ཁོ་ན་དེད་ནས་གནས་པ་ནི་བོད་རྗེས་ལུས་ཀྱི་འགོག་རྐྱེན་གཙོ་བོ་ཡིན་ཞེས་དང༌། དེ་དག་ལྷག་བསམ་མ་དག་པ་མིན་ལ་སྙིང་སྟོབས་མེད་པ་ནི་དེ་བས་མིན། འོན་ཀྱང་བློ་རྒྱ་དང་མཐོང་རྒྱ་ཆུང་དྲགས་པ། དངོས་ཡོད་གནས་ཚུལ་བསམ་ཤེས་མ་ཐུབ་པར་འདྲ་ཆགས་ངང་ཚུལ་གྱིས་འཐུས་ཤོར་བཏང་ཡོད་ཞེས་ཐུགས་ཕམ་དང་འབྲེལ་ནས་བཀའ་སློབ་ཕེབས་ཡོད། དེས་ན་རང་རེས་སྐྱོང་བཞིན་པའི་སློབ་གསོའི་ལམ་བུ་འདིའི་ཐད་ཕྱིར་འདང་ཞིག་བརྒྱབ་ན། ང་ཚོའི་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ངུ་འདིར་སེར་མོ་བས་གྲངས་ཚད་ངེས་ཅན་ཟིན་པའི་སྤྱི་ཚོགས་ཤིག་ཡིན་ནའང༌། བོད་ཡིག་གི་ཤེས་ཚད་བོད་ནང་ལས་ཀྱང་རྗེས་སུ་ལུས་ཡོད་ལ། གཞོན་སྐྱེས་རྣམས་ལའང་སློབ་གསོའི་ནུས་ཤུགས་ཇི་འདྲ་ཞིག་ཐེབས་ཡོད་དམ་ཞེ་ན། མི་རིགས་གཞན་གྱི་གཞོན་སྐྱེས་རྣམས་ལ། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རྒྱལ་སྤྱིའི་བསམ་བློ་སོགས། སློབ་གསོ་ཇི་འདྲ་ཞིག་ཐོབ་འདུག་བལྟས་ན་གསལ་པོར་མཐོང་ཐུབ། རང་རེའི་གཞོན་སྐྱེས་རྣམས་དེ་ལས་ལྡོག་སྟེ། ཆོལ་ཁའི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། རྙིང་ཞེན་གྱི་ལྟ་བ། གསར་འབྱོར་དང་རྙིང་འབྱོར་གྱི་ལྟ་བ་བཅས་ནད་གདུང་སྣ་ཚོགས་ཀྱིས་གཟིར་ནས་འཁྱོལ་འགྲོས་བྱེད་བཞིན་པ་དང༌། ད་དུང་སློབ་གྲྭ་ཁག་གི་ཐད་ལ་བསམ་ན་མི་རིགས་གཞན་གྱི་སློབ་ཐོན་པ་རྣམས་ཀྱིས་འཇིག་རྟེན་འཕུར་གྲུ་བཟོས་ཏེ་ཉི་ཟླ་སྐར་གསུམ་ལ་དཔུང་བསྐྱོད་བྱེད་བཞིན་འཇིག་རྟེན་གཞན་ཞིག་འཚོལ་སྙེག་བྱེད་བཞིན་འདུག་མོད། རང་རེའི་མཐོ་སློབ་ནང་དུ་སྦག་སྦག་རྫིག་ཞན་དང་དགའ་རོགས་མང་ཉུང་གི་སྐོར་བཤད་ནས་དུས་ཚོད་སྐྱེལ་བཞིན་པ་དང༌། འགའ་ཤས་ནི་སྟོང་ལོ་འདས་ཟིན་པའི་ཡིག་རོ་རྣམས་སྔོག་གིན་མི་ཚེ་འཁྱོལ་ཐབས་བྱས་ནས། ད་དུང་བདབ་གཤོག་གཉིས་ལྡན་གྱི་བྱ་ཞིག་ཡིན་པའི་སྣང་བར་འཁྲུལ་ནས་ཡོད་ཚོད་འདུག་མོད། དོན་དངོས་ཐོག་ལོ་རྒྱུས་དང་དུས་རབས་ཀྱིས་སྤྲད་པའི་འགན་དབང་ཡང་དག་པ་ཞིག་ཁུར་ཐུབ་ཡོད་མེད་བསམ་དགོས་པ་ཞིག་ཏུ་མཐོང༌། ཅིག་བྱས་ན་ཁོ་བོ་ལོ་རྒྱུས་ཀྱི་ཤེས་བྱ་དམན་ཞིང་ཉམས་མྱོང་དང་མཐོང་རྒྱ་ཆུང་བའི་དབང་གིས་ནོར་བ་ཁོ་ན་ཞིག་ཡིན་སྲིད། འོན་ཀྱང་ཟུར་གནས་མཁྱེན་ལྡན་རྣམས་ཀྱིས་དགོངས་དཔྱད་འཚལ།།
