འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་ལ་ངོ་རྒོལ།
ཉེ་བའི་ཆར་སྲིད་དོན་ཚན་རིག་པའི་མཁས་པ་དུ་མས་ཨ་རིས་འཇིགས་སྐུལ་རིང་ལུགས་ལ་དམག་རྒྱག་པའི་དྲིལ་བསྒྲགས་བྱས་ཏེ། དམག་འཐབ་བྱས་ཡོད་ནའང༌། ལེ་ཊ་འཇིགས་སྐུལ་ཚོགས་པར་ཁ་གཏད་བྱེད་པའི་གདེངས་སྤོབ་སྐྱེས་མེད་པ་ནི་ཨ་རིའི་ནོར་འཁྲུལ་ཆེན་པོ་ཞིག་རེད་ཅེས་བརྗོད་ཡོད་པ་རེད། རྒྱ་གར་གྱིས་འཇིགས་སྐུལ་གྱི་ཉིན་གཉིས་པ་དེ་ནས་དོགས་པ་ཟ་ས་གཙོ་བོ་དེ་པཱ་ཀི་སི་ཐན་ནང་གི་ལེ་ཊ་ཚོགས་པ་ཡིན་པ་དང༌། འདས་པའི་གྷུ་ཇ་རཱ་ཏི་སོགས་ས་ཁུལ་ཁག་དུ་མའི་ནང་འཇིགས་སྐུལ་གྱི་དོན་རྐྱེན་ཡང་ཚོགས་པ་དེར་དོགས་ཟོན་གྱི་གྱོད་གཞི་བཙུགས་ཡོད་པ་རེད།
པཱ་ཀི་སི་ཐན་གྱིས་སྐབས་འདིའི་དོན་རྐྱེན་ཐད་རྒྱབ་སྐྱོར་བྱས་མེད་པ་དང༌། རྒྱ་གར་ངོས་ནས་ཀྱང་ཁུངས་ལུང་མེད་པར་འཛུབ་མོ་བཙུགས་ས་ནི་པཱ་ཀི་ས་ཐན་ཡིན་པ་དང༌། འདས་པའི་བདུན་ཕྲག་གཅིག་གི་རིང་པཱ་ཀི་སི་ཐན་དང་རྒྱ་གར་གཉིས་ཀྱི་གསར་ལམ་དང་དྲ་རྒྱ་ཁག་ཕན་ཚུན་ངན་སྨད་ཀྱི་གཡུལ་འགྱེད་ཆེན་པོ་ཞིག་འགོ་བཙུགས་ནས་ཚིག་གི་རྡུལ་ཕྲན་མཚོན་ཆ་ཞིག་ཡོད་ན་ད་ལྟའི་ཆར་གཡུག་ཟིན་པ་ལྟ་བུའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ཨ་རི་ཡིས་ད་ལྟའི་རྒྱ་གར་ནང་གི་དོན་རྐྱེན་དེ་ཕྱི་ལོ་༢༠༠༡ ལོའི་ཨ་རིའི་ནང་བྱུང་བའི་དོན་རྐྱེན་དང་གཅིག་པར་ངོས་འཛིན་ཐོག་རྒྱ་གར་ལ་འཇིགས་སྐུལ་གྱི་གཏེ་པོ་དེ་བདེན་པའི་ཁྲིམས་ཀྱི་མདུན་སར་ཐག་གཅོད་ཕྱིར་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅས་པ་དང༌། ཕྱོགས་གཞན་ཞིག་ནས་པཱ་ཀི་སི་ཐན་ལའང་མ་འོངས་པའི་འཇིགས་སྐུལ་སྔོན་འགོག་བྱེད་པར་ཕྱི་གསལ་ནང་གསལ་གྱིས་མཉམ་འབྲེལ་བྱེད་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད། མོམ་བྷེའི་དོན་རྐྱེན་དང་སྦྲེལ་ནས་པཱ་ཀི་སི་ཐན་ལ་སྐྱོན་བརྗོད་བྱེད་མཁན་དུ་མ་ཡོད་ཀྱང༌། ད་ལྟའི་ཆར་པཱ་ཀི་སི་ཐན་ནང་ལའང་དྲག་སྤྱོད་ཀྱི་དཀའ་ངལ་ཧ་ཅང་ཆེ་བས་འཇིགས་སྐུལ་རིང་ལུགས་ལ་པཱ་ཀི་སི་ཐན་གྱི་ངོས་ནས་ཀྱང་ངོ་རྒོལ་ཡོད་འདུག་ལ། ཕྱི་ཚེས་༦ ཉིན་ནས་བཟུང་པཱ་ཀི་སི་ཐན་ནང་གི་ཨབ་གྷན་གྱི་ས་མཚམས་ཕྱོགས་ནས་འབར་རྫས་ཀྱིས་མི་བསད་པའི་གྲངས་༣༠ དང་རྨས་སྐྱོན་ཕོག་པའི་༡༠༠ ལྷག་ཙམ་བྱུང་བཞིན་པ་དང༌། ནུབ་ཕྱོགས་ཕྱི་རྒྱལ་གྱི་ཅ་དངོས་མོ་ཊ་༡༦༠ ལྷག་མེ་སྲེག་བཏང་ཡོད་འདུག པཱ་ཀི་སི་ཐན་རྒྱལ་ཁབ་ངོས་ནས་ཨ་རི་དང་མཉམ་འབྲེལ་གྱིས་ནུབ་བྱང་ཕྱོགས་ནས་ཨལ་ཁེ་ད་དང༌། ཏ་ལི་བྷན་སོགས་འཇིགས་སྐུལ་རིང་ལུགས་ཚོགས་པ་རིགས་ལ་རྒོལ་ལན་སྤྲད་བཞིན་ཡོད་ལ། ཕྱི་ཚེས་༨ ཉིན་པ་ཀི་ས་ཐན་གྱི་བདེ་སྲུང་གིས་ལེ་ཊ་ཚོགས་པའི་བཀོད་འདོམས་དམག་དཔོན་ལཁ་ཝི་གཙོས་པའི་མི་གྲངས་༢༠ ལྷག་གསང་བའི་ཐོག་འཛིན་བཟུང་བྱེད་ཐུབ་པ་དང༌། དེ་ལྟ་བུའི་ལས་དོན་སྤེལ་མུས་ཡིན་འདུག ཨི་རན་སོགས་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་རྣམས་ཀྱི་ནང་དུའང་མི་མང་ཁོང་ཁྲོ་དང་འཇིགས་སྣང་སོགས་ཀྱི་སྒམ་ཆུང་ནང་ཚུད་པ་དང༌། རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀྱི་ནང་མི་མང་གིས་དམིགས་ཚད་མེད་པའི་ལས་འགུལ་ཤུགས་ཆེན་སྤེལ་མུས་ཡིན་པ་རེད། །
