བོད་ཀྱི་གཞས་སྣ་འཁྲབ་སྟོན།
གོ་སྒྲིག་གནང་མཁན་གཙོ་བོ་ནི་ན་གཞོན་གཞས་པ་བསྟན་འཛིན་ཟླ་བ་ལགས་དང༌། སུད་སི་ནས་ཕེབས་པའི་བུ་མོ་ཚེ་རིང་སྐལ་ལྡན། ཧི་མ་ལ་ཡའི་རི་རྒྱུད་གློ་ཆུ་མིག་བརྒྱ་རྩ་ནས་ཡིན་པའི་བསོད་ནམས་རིག་འཛིན། སི་ཁིམ་ནས་བསྟན་འཛིན་བཀྲ་ཤིས་བཅས་ཡིན་པ་དང༌། གཞན་ཡང་གཞས་པ་བློ་བཟང་བདེ་ལེགས། སོག་ཤོད་དར་རྒྱས། རིན་འཛིན་དཔལ་མོ། འཇམ་དབྱངས་བཀྲ་ཤིས། བློ་བཟང༌། ངག་དབང་སོགས་ཀྱིས་དེང་རབས་བོད་གཞས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་སྣ་ཚོགས་ཤིག་གཟིགས་འབུལ་ཞུས་ཡོད་པ་དང༌། གསར་སྐྱེས་གཞས་པ་དེ་དག་ཕལ་ཆེ་བ་མཐོ་རིམ་སློབ་གཉེར་བ་ཤ་སྟག་ཅིག་ཡིན་པ་རེད། དེར་གཙོ་སྐྱོང་བ་ས་རཱ་མཐོ་སློབ་ཀྱི་སློབ་མ་ངག་དབང་བྱམས་པ་ལགས་ཀྱིས་བརྗོད་དོན། སྡོན་ལོ་རབས་དགུ་བཅུ་ཙམ་ལ་བཙན་བྱོལ་དུ་བོད་པའི་གཞས་པ་རྣམས་ཀྱིས་དབྱིན་སྐད་དང་ཧིན་སྐད་སོགས་ཀྱི་ནང་གཞས་སྣ་འཁྲབ་སྟོན་བྱེད་པ་དང༌། རྒྱལ་ཁབ་གཞན་གྱི་གླུ་གཞས་གཏོང་རྒྱུར་དགའ་མོས་ཡོད་ཀྱང་དེང་སང་བོད་མི་ཙམ་མ་ཟད་མི་རིགས་གཞན་རྣམས་ཀྱིས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་དང་བོད་ཀྱི་གླུ་གཞས་གཏོང་རྒྱུར་དོ་སྣང་འགྲོ་བཞིན་ཡོད་པ་རེད་ཅེས་དང༌། ད་ལྟའི་གཞས་སྣ་འཁྲབ་སྟོན་འདི་ཉིད་ནི་ྋགོང་ས་མཆོག་གིས་གཙོས་སྐྱེས་ཆེན་དམ་པ་གང་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེ་བརྟན་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་འཛམ་གླིང་སྐྱེ་རྒུ་ནད་མུག་འཁྲུག་རྩོད་སོགས་མེད་པར་ཞི་བདེ་ལྷིང་འཇགས་ཡོང་བའི་ཆེད་དུའང་ཡིན་ཞེས་འགྲེལ་བརྗོད་གནང་སོང༌། སྤྱིར་ལོ་འདིར་བོད་ནང་དུ་བོད་མི་མང་པོའི་ཚེ་སྲོག་ཤོར་བ་སོགས་དཀའ་སྡུག་ཚད་ལས་འདས་པ་བྱུང་ཡོད་པས་གཞུང་འབྲེལ་ངོས་ནས་རྒྱུན་ལྡན་ལྟར་དགའ་སྤྲོའི་དུས་དྲན་སྲུང་རྩི་ཞུས་མེད་ནའང༌། མང་གཙོའི་སྤྱི་ཚོགས་ཀྱི་གྲུབ་ཆ་ལྟར་ལས་འགུལ་འདྲ་མིན་གྱི་སྒོ་ནས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་ཁྱབ་སྤེལ་ཆཻད་དུའང་ཡིན་པ་རེད།