རྩོམ་ཡིག་ཆ་ཚང་འདིར་གཟིགས།

དོན་ཚན་བཅུ་བདུན་གྱི་ངོ་གདོང་ནས་སྐབས་དེ་དུས་བོད་དེ་རྒྱ་ནག་གི་མངའ་ཁོངས་མ་ཡིན་པར་ལོགས་སུ་ཡོད་པ་དང༌། བཙན་འཛུལ་དེ་ལས་སླ་བོ་ཞིག་ཡོང་ཆེད་བཞག་པ་ཞིག་ཡིན་པ་གསལ་པོ་མཐོང་ཐུབ། ལྷག་པར་དུ་དོན་ཚན་དང་པོ་དང་གཉིས་པ། བརྒྱད་པ། བཅུ་གཉིས་པ། བཅུ་གསུམ་པ། བཅོ་ལྔ་པ་དང༌། བཅུ་དྲུག་པ་བཅས་དོན་ཚན་བདུན་དེ་རྒྱ་ནག་གི་ཐད་ཀར་བོད་དུ་བཙན་འཛུལ་བྱེད་སླ་བ་ཁོ་ནའི་འཕྲལ་སེལ་གྱི་ལས་དོན་འབའ་ཞིག་ཏུ་དམིགས་པ་ཡིན་ལ། རྒྱ་གཞུང་ནས་དེའི་ནང་དོན་བརྩི་སྲུང་མ་བྱས་པར་བརྟེན། བོད་གཞུང་གིས་ཀྱང་བཙན་བྱོལ་དུ་འབྱོར་མ་ཐག་ངོས་ལེན་མེད་ཚུལ་གསལ་བྱས་ཡོད་པ་རེད། འོན་ཀྱང་དོན་ཚན་གསུམ་པ་”ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཐུན་མོང་རྩ་འཛིན་གྱི་མི་རིགས་སྲིད་ཇུས་གཞིར་བཟུང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གཅིག་སྒྲིལ་གྱི་འགོ་ཁྲིད་འོག བོད་མི་དམངས་ལ་མི་རིགས་ཀྱི་ས་གནས་རང་སྐྱོང་ལག་ལེན་བྱེད་རྒྱུའི་དབང་ཆ་ཡོད་”ཅེས་པ་དེ་དང༌། དེང་སྐབས་བོད་གཞུང་གི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབས་ཞེས་པ་དེ་གཉིས་ཀྱི་བར་ཁྱད་པར་གང་ཡང་མེད་པ་ཞིག་ཏུ་མཐོང༌། གོང་གསལ་དོན་ཚན་གསུམ་པའི་ནང་དུ”བོད་མི་དམངས་”ཞེས་པ་ལས་བོད་རང་སྐྱོང་ལྗོངས་ཞེས་པ་ལྟ་བུ་དང༌། བོད་རྒྱ་གཉིས་ངོས་ནས་ཐོག་མའི་དམིགས་ཡུལ་ག་འདྲ་ཞིག་བཟུང་ཡོད་མེད་གང་ལྟར་ཡང༌། ས་མཚམས་དང་ཁྱབ་ཁོངས་ཀྱི་སྐད་ཆ་མེད་སྟབས་བོད་རིགས་ཡོངས་ལ་ཁྱབ་མི་ཐུབ་པའི་གནས་སྟངས་དོན་ཚན་བཅུ་བདུན་རང་ངོས་ནས་སྤུ་རྩེ་ཙམ་ཡང་བརྗོད་རྒྱུ་མེད། དོན་ཚན་བཞི་པ། ལྔ་པ། དྲུག་པ་རྣམས་ྋགོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་བཅས་མཐོ་རིམ་དཔོན་རིགས་ཁག་གི་སྐུ་དབང་ལ་འགྱུར་བ་གང་ཡང་མེད་པའི་སྐོར་ཡིན་པས་བརྗོད་དགོས་པ་ཞིག་ལ་གོང་གསལ་གྱི་སྐུ་དབང་སྐོར་དེ་རྒྱ་ནག་གིས་དུས་ཀུན་སྐྱོན་བརྗོད་བྱེད་བཞིན་པའི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཟེར་བ་དེ་ཡིན་ཞིང༌། གོང་དུ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཡོད་བཞིན་པ་ཞིག་ཡིན་པས་བོད་མི་རིགས་ཀྱིས་རང་ཉིད་ཀྱི་འགོ་ཁྲིད་རང་ཉིད་ཁྲོད་ནས་བསྐོ་འཇོག་བྱེད་ཆོག་པ་དང༌། དེ་ཡང་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་བསྐོ་མི་ཆོག་པའི་རྒྱུ་མཚན་ལྷག་མ་གང་ཡང་མེད། དོན་ཚན་བདུན་པ་དང༌། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ནི་ཆོས་དད་རང་མོས་ཡུལ་སྲོལ་གོམས་གཤིས་ལ་བརྩི་སྲུང༌། སྐད་ཡིག་དང་རིག་གཞུང་འཚོ་བ་བཅས་ཡར་རྒྱས་གཏོང་རྒྱུ་དང༌། བོད་ཀྱི་ལམ་ལུགས་བསྒྱུར་བཅོས་གཏོང་དགོས་རིགས་བོད་རང་དང་དེ་ཡང་མང་ཚོགས་ཀྱི་འདོད་མོས་བཞིན་བྱེད་རྒྱུ་བཅས་ཡིན། བཅུ་བཞི་པ་ཕྱི་འབྲེལ་ལས་དོན་དབུས་གཞུང་གིས་བྱེད་རྒྱུ་དེ་གཅིག་མཚུངས་ཡིན་ཡང༌། ཚོང་འབྲེལ་གྱི་ཕྱོགས་སུ་ལག་པ་འཆང་ས་ལྟ་བུ་ཞིག་ཡོད་པ་འདི་ཉིད་བར་ཁྱད་ཆེ་ཤོས་ལྟ་བུར་གྱུར་ཡོད། མདོར་ན་དེང་སྐབས་བརྗོད་བཞིན་པའི་གཞུང་གི་སྲིད་བྱུས་དང་དོན་ཚན་བཅུ་བདུན་གྱི་བར་ཐག་ཧ་ཅང་ཉེ་བ་འདི་ཉིད་བརྗོད་ན། མང་པོ་ཞིག་ཕོག་ཐུག་གཏོང་སྲིད་ཀྱང༌། ཕྱོགས་མང་པོ་ཞིག་ནས་ཀྱང་དོན་དངོས་ཀྱི་ཐོག་ནས་ད་ལྟ་ཁྱད་པར་ཆེན་པོ་ཡོད་པ་ཞིག་དང་མ་འོངས་པར་ཁྱད་པར་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་སུས་ཀྱང་བརྗོད་དཀའ་སྙམ།།