དགའ་ལྡན་ལྔ་མཆོད་ཆེན་མོ།
ལོ་འདིར་ཡང་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༠༨ ཕྱི་ཟླ་༡༢ ཚེས་༢༡ ཕྱེད་ཡོལ་ཆུ་ཚོད་དང་པོ་ཙམ་ནས་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་དགའ་ལྡན་ལྔ་མཆོད་ཀྱི་མཆོད་འབུལ་དུ་ཆིབས་བསྒྱུར་བསྐྱངས་པ་དང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་རྣམ་གྲྭའི་མཁན་རིན་པོ་ཆེ་དང༌། རྣམ་གྲྭའི་མཁན་ཟུར་བྱ་དོ་རིན་པོ་ཆེ། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་བཅས་འདུས་མང་ནས་དཀོན་མཆོག་རྗེས་དྲན་གྱི་མདོ་བཅས་གསུངས་པ་དང༌། དེ་རྗེས་བླ་མ་མཆོད་པའི་ཆོ་ག་དང་འབྲེལ་བའི་ཚོགས་འབུལ་དང༌། གསང་བ་འདུས་པ། བདེ་མཆོག འཇིགས་བྱེད། དུས་འཁོར་བཅས་ཀྱི་སྨོན་ལམ་གྲུབ་མཚམས་ཆུ་ཚོད་༤ པར་ཕོ་བྲང་དུ་ྋཞབས་སོར་འཁོད་ཡོད་པ་རེད།
ཐེངས་འདིའི་མཆོད་འབུལ་དུ་དད་ལྡན་སོག་པོ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོས་དབུས་པའི་ཚོགས་མི་དང༌། ཏེ་ལོ་རིན་པོ་ཆེ། དེ་བཞིན་ཡུལ་ཁག་གཞན་ནས་ཕེབས་པའི་དད་ལྡན་པ་དང༌། རང་རིགས་སེར་སྐྱ་མི་མང་བཅས་མི་གྲངས་ ༡༠༠༠ བརྒལ་བ་བཅར་ཕེབས་ཡོད་པ་རེད།
