བོད་མིའི་ཚོང་ལས་ཡར་རྒྱས་གཏོང་ཐབས།
བོད་པའི་སྤྱི་ཚོགས་ནང་དུ་དཔལ་འབྱོར་ཡར་རྒྱས་ཡོང་ཐབས་ལ་ཕན་ཚུན་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དང༌། ཚོང་ལས་གཉེར་མཁན་མཉམ་རུབ་ཀྱིས་དཔལ་འབྱོར་གྱི་ཤེས་བྱ་གོ་རྟོགས་སྤེལ་ཐབས། ཕན་ཚུན་ཚོང་རྫས་བརྗེ་ལེན་ག་འདྲ་བྱེད་དགོས་མིན་སྐོར་ལ་ནུས་ཤུགས་འདོན་གྱི་ཡོད་ཅེས་བོད་མིའི་ཚོང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་ཟླ་བ་རིན་ཆེན་ལགས་ཀྱིས་འགྲེལ་བརྗོད་གནང་སོང༌།
ཟླ་འདིའི་ཚེས་༢༢ ཉིན་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མིའི་ཚོང་པའི་ལྷན་ཚོགས་ཀྱི་རྒྱུན་ལས་གསར་པ་རྣམས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་དང༌། དེར་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལགས་དང༌། དྲུང་ཆེ་ཟླ་བ་རིན་ཆེན་ལགས་གཉིས་ཕེབས་ཡོད་པ་རེད། རྒྱུན་ལས་གསར་པའི་ངོས་ནས་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དེ་བཞིན་བོད་མི་ཚོང་ལས་གཉེར་མཁན་ཚོར་འབྲེལ་བ་བྱས་ཏེ། ཚོང་ལས་ཡར་རྒྱས་གཏོང་ཕྱོགས་དང༌། ཁྲིམས་མཐུན་གྱི་ཚོང་ལས་ཡོང་ཐབས། ཚོགས་མི་མང་དུ་གཏོང་ཐབས་སོགས་ཀྱི་ཆེད་འབད་བརྩོན་བྱེད་ཀྱི་ཡོད། རྒྱལ་ཁབ་གཞན་ལ་ཚོང་འབྲེལ་བྱེད་ཕྱོགས་སྐོར་ལ་ཡང་བསམ་བློ་གཏོང་གི་ཡོད། ཉེ་ཆར་ཁལ་མིག་གི་སྲིད་བློན་མཆོག་འདིར་ཕེབས་སྐབས། ཁོང་ལ་བཅར་ནས་བོད་མིའི་ཚོང་ལས་སྡེ་ཚན་སྐོར་ཞུ་རྒྱུ་བྱུང་སོང༌། ཁོང་དཔལ་འབྱོར་རིག་པའི་ཐོག་སློབ་གཉེར་གནང་མཁན་ཞིག་ཡིན་པས། ཕན་ཚུན་གོ་བསྡུར་ཡག་པོ་བྱུང་སོང༌། བོད་མིའི་ཚོང་ལས་སྡེ་ཚན་ནང་དུ་ཞུགས་ནས་ཧོབ་སྟེ་ཁེ་བཟང་ཆེན་པོ་ཞིག་རག་ཐབས་མེད་ནའང༌། མ་འོངས་པར་བོད་མིའི་སྤྱི་ཚོགས་ནང་ཚོང་ལས་སྲ་བརྟན་དུ་གནས་ཐབས་དང༌། ཚོང་འབྲེལ་བྱེད་ཕྱོགས་ལ་ཕན་ཐོགས་ཡོད་སྐོར་འགྲེལ་བརྗོད་གནང་སོང༌།།