བོད་གཞུང་མང་ཛ་དྲག་ཚོགས་ཆུང་སྒོ་བརྒྱབ་པ།

གསལ་བསྒྲགས་དེའི་ནང་འཁོད་དོན། ཕྱི་ལོ་༢༠༠༨ཟླ་༣ ཚེས་༡༠ ཉིན་ནས་བཟུང་བོད་ཆོལ་ཁ་གསུམ་ཡོངས་ནས་གཞིས་བཞུགས་བོད་མི་ཚོས་དང་བླངས་ཐོག གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པའི་འཚེ་མེད་ཞི་བའི་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་དབུ་འཛུགས་གནང་བར་རྒྱ་གཞུང་ནས་ཚད་ལས་འདས་པའི་གདུང་རྩུབ་དང་དྲག་གནོན་བཏང་བར་བརྟེན། བོད་བཙན་བྱོལ་གཞུང་མང་གཉིས་ནས་གདུང་སེམས་མཉམ་བསྐྱེད་དང༌། བོད་ནང་གི་ཛ་དྲག་ཉེན་སྐྱོབ། དངོས་ཡོད་གནས་སྟངས་དྲིལ་བསྒྲགས། སྐྱབས་བཅོལ་དུ་གནས་པའི་བོད་མི་མང་གི་ལས་འགུལ་སྣ་ཚོགས་ཁ་འཐོར་ལ་མི་འགྲོ་བའི་ཆེད་གཞུང་མང་གཉིས་མཉམ་རུབ་ཀྱིས་ལས་འགུལ་སྤེལ་དགོས་པ། དེ་ཡང་སྤྱི་འཐུས་ལྷན་ཚོགས་ནས་དབུ་འཁྲིད་ཀྱིས་འཛིན་སྐྱོང་དང་གྲོས་ཚོགས་ཐུན་མོང་གི་འགན་བཞེས་དགོས་རྒྱུའི་སྐོར་དཔལ་ལྡན་བཀའ་ཤག་གི་དོན་ཕན་ལྡན་པའི་དགོངས་འཆར་གནང་བ་བཞིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་དང་ལེན་གྱིས་ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༦ ཉིན་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དཔལ་ལྡན་བཀའ་ཤག་དང༌། སྤྱི་འཐུས་རྣམས་ལྷན་འཛོམས་བཀའ་བསྡུར་གྱིས་བཀའ་སྤྱི་གཉིས་ལས་གྲུབ་པའི་བོད་གཞུང་མང་ཛ་དྲག་ལས་འགུལ་གསར་འཛུགས་དང༌། དེ་བཞིན་ས་གནས་མང་དག་ཅིག་ནང་ས་གནས་རང་ནས་ཐུགས་འགན་ཆེ་བཞེས་ཀྱིས་ས་གནས་ཛ་དྲག་ཚོགས་ཆུང་གསར་འཛུགས་ཀྱིས་དབུས་ས་གཉིས་ནས་སྔར་དང་མ་འདྲ་བ་ཆབ་སྲིད་ཀྱི་དགོས་མཁོ་དང༌། སྐབས་དུས་དཔག་པའི་ལས་འགུལ་རབས་དང་རིམ་པ་སྤེལ་ཐུབ་པ་བྱུང་ཡོད་ཀྱང༌། བོད་ནང་ཆེས་ཛ་དྲག་ཆེ་བའི་གནས་སྐབས་ཤིག་ཏུ་བཀའ་ཤག་གི་སྐུ་ཚབ་བཀའ་བློན་གཉིས་ཚོགས་མིའི་ཁོངས་ནས་དགོངས་པ་ཞུ་རྒྱུ་ཡིན་སྐོར་ངག་ཐོག་ནས་ཚོགས་གཙོ་རྣམ་གཉིས་ལ་ཞུས་ཀྱང༌། སྤྱི་འཐུས་རྒྱུན་ལས་ནས་སྤྱི་འཐུས་ལྷན་མཛོམས་མ་བྱུང་བར་ཐག་གཅོད་པའི་དབང་མི་ལྡན་པའི་སྐོར་གྱི་སྙན་འབུལ་གྱིས་མུ་མཐུད་རྒྱུན་བཞུགས་གནང༌།
    ཕྱི་ལོ་༢༠༠༨ ཟླ་༩ ཚེས་༣ ནས་ཚེས་༦ བར་བོད་མི་སྤྱི་འཐུས་རྣམས་ནང་ཁུལ་ལྷན་འཛོམས་སྐབས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་གནས་བབས་སྐོར་ལ་གོ་བསྡུར་ཞིབ་ལྷུག་གནང་རྗེས་མཐའ་དོན་གཞིས་ལུས་བོད་མི་རྣམས་ཀྱི་སྡུག་སྦྱོང་མནར་གཅོད་ཀྱི་ཛ་དྲག་གནས་སྟངས་ད་དུང་མུ་མཐུད་གནས་བཞིན་པར་བརྟེན། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་རྒྱུན་གནས་དགོས་པ་དང༌། ལས་འཆར་སྔོན་སྒྲིག་ཁག་མུ་མཐུད་ཆེད་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་མི་འགྲོའི་ནང་དཔལ་ལྡན་བཀའ་ཤག་གི་བཀའ་བློན་ལྷན་བཞུགས་གནང་མིན་བཀའ་ལན་ཡིག་ཐོག་ནས་ཞུས་རྗེས་བཀའ་ཇི་ཕེབས་ལྟར་གནང་རྒྱུ་དང༌། གལ་སྲིད་བཀའ་བློན་ལྷན་བཞུགས་མ་གནང་ཚེ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་འགན་ཁུར་སྤྱི་འཐུས་རྒྱུན་ལས་དང༌། གཙོ་བོ་རྒྱུན་ལས་ཆབ་སྲིད་སྡེ་ཚན་གྱིས་འཁུར་དགོས་པ་གཏན་འཁེལ་ཞིང༌། དེ་རྗེས་ཕྱི་ཟླ་༩ ཚེས་༡༡ ཉིན་དཔལ་ལྡན་བཀའ་ཤག་ནས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནང་བཀའ་བློན་གཉིས་མུ་མཐུད་བཞུགས་རྒྱུ་མིན་པའི་རྒྱུ་མཚན་དོན་གནད་བཞི་འཁོད་ཅན་ནང༌། ད་ཆ་བཀའ་ཤག་གི་བསམ་ཚུལ་དུ་བོད་གཞུང་མང་ཛ་དྲག་ཚོགས་ཆུང་ཕྱིར་བསྡུ་གནང་འོས་སུ་མཐོང་ཡང༌། དེ་ནི་གྲོས་ཚོགས་ཀྱིས་ཐག་གཅོད་གནང་རྒྱུ་ཞིག་ནས་འདི་ནས་ཞུ་འཚམས་མ་མཆིས་ཞེས་ཕེབས་པ་རྣམས་ཕྱི་ཟླ་༩ ཚེས་༡༦ ཉིན་སྤྱི་འཐུས་བཞུགས་མོལ་ཚོགས་འདུའི་ནང་སྙན་སྒྲོན་ཟིན་རྗེས་སྤྱི་འཐུས་ནང་ཁུལ་ལྷན་ཚོགས་སྐབས་གོ་བསྡུར་གཏན་འཁེལ་གནང་བ་ལྟར་གྲོས་ཚོགས་ཀྱི་འཐུས་མི་འཛོམས་ཐོག་ཐག་གཅོད་གནང་བའི་དགོངས་དོན་བཞིན་སྤྱི་འཐུས་རྒྱུན་ལས་ནང་གོ་བསྡུར་ཞིབ་ལྷུག་གིས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ལས་འགན་ཚོགས་གཙོ་རྣམ་གཉིས་ཀྱིས་དབུ་ཁྲིད་པའི་རྒྱུན་ལས་ཆབ་སྲིད་སྡེ་ཚན་ནས་བླངས་ཏེ་ཕྱི་ཟླ་༡༠ ཚེས་༦ ཉིན་འགན་ཁུར་ཞུས་པ་དང༌། དེ་རྗེས་ཕྱི་ཟླ་༡༠ པའི་ཚེས་༢༡ ཉིན་བཀའ་སྤྱི་ལྷན་ཚོགས་སར་བར་སྐབས་ཀྱི་བྱུང་རིམ་རྣམས་སྙན་སྒྲོན་ཞིབ་ཕྲ་ཞུས་པ་མ་ཟད། ཕྱི་ཟླ་༡༠ ཚེས་༢༣ ཉིན་དཔལ་ལྡན་བཀའ་ཤག་གིས་མཚན་ཐོག་མ་འོངས་པའི་ལས་འཆར་ལ་ལྟོས་པའི་དབྱིན་བོད་རྒྱ་གསུམ་སོ་སོར་རང་རྐྱ་འཕེར་བའི་ལས་བྱེད་རེ་དང༌། དུས་ནས་དུས་དྲ་རྒྱའི་ཆེད་ལས་པ་ཞིག་བཅས་གནས་སྐབས་༢༠༠༨ ཟླ་༡༡ ཚེས་༣༠ བར་བསྐོ་མངགས་ཡོང་བ་ཞུས་པ་དང༌། ལོ་རྒྱུས་རང་བཞིན་ལྡན་པའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཚོགས་ཆུང་ཁག་མང་པོའི་ནང་དུའང་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་མུ་མཐུད་རྒྱུན་གནས་དགོས་པའི་དགོངས་འཆར་ཤུགས་ཆེ་བྱུང་ཡོད་ཀྱང༌། ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་༢༦ འཁོད་བཀའ་ཤག་གིས་བཀའ་ལན་ནང་དམིགས་བསལ་ཚོགས་ཆེན་གྱི་ལས་བྲེལ་དབང་གིས་བཀའ་ཤག་ཏུ་གོ་བསྡུར་མ་ཐུབ་པས་ཞུ་ལན་འབུལ་འགྱངས་སོང་བར་སྙིང་ནས་དགོངས་སེལ་བཟོད་གསོལ་ཞུ་རྒྱུ་ཡིན་ཚུལ་དང་སྦྲགས་ཕེབས་གནས་སྙིང་དོན། ཚོགས་ཆུང་གི་མཚན་གྲོས་ཚོགས་ཛ་དྲག་ཚོགས་ཆུང་དུ་བསྒྱུར་གནང་ཡོང་བ་དང༌། ལྷག་པར་དུ་སྐུ་ཚབ་དོན་གཅོད་རྣམ་པ་དང༌། ས་གནས་འགོ་འཛིན་རྣམས་ས་གནས་ཛ་དྲག་ཚོགས་ཆུང་ནས་དགོངས་ཞུ་དགོས་པའི་བཀོད་མངགས་ཟིན་ལུགས། ལས་བྱེད་མི་འགྲོ་ལྡེང་མིན་དབང་གིས་བསྐོ་གཏོང་ཞུ་ཐབས་མ་གྱུར་སྐོར་སོགས་ཕེབས་པར་བརྟེན། གཞུང་མང་མཉམ་རུབ་ཀྱི་ལས་འགུལ་ཐོག་མའི་དམིགས་ཡུལ་ལྟར་འགྲུབ་དཀའ་བ་དང༌། དམིགས་བསལ་ཕྱི་རྒྱལ་དོན་གཅོད་ཁག་དང་ས་གནས་འགོ་འཛིན་བཅས་ནས་མཉམ་རུབ་མེད་ཚེ་ནུས་པ་དང་ལྡན་པའི་ཕྱོགས་མཐའི་ལས་འགུལ་གང་ཡང་སྤེལ་ཐབས་མེད་པ་དངོས་འབྲེལ་ལ་སོང༌། དབུས་ས་གཉིས་ཀྱི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་རྣམས་རེ་ཞིག་མཚམས་འཇོག་མི་བྱ་ཐུ་མེད་དུ་གྱུར་སོང་ན། ད་བར་ལས་འགུལ་གྱི་དབུ་ཁྲིད་མཁན་དང༌། མཉམ་ཞུགས་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། མ་འོངས་པར་ཡང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་འཁྲིའི་ལས་དོན་མུ་མཐུད་བསྒྲུབ་གནང་ཡོང་བའི་རེ་འབོད་ཞུ་བཞིན་ཡོད།
    འོན་ཀྱང་གཞིས་ལུས་རྒྱ་ཆེའི་བོད་མི་རྣམས་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་ལ་མ་ལྟོས་པར་གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པའི་ལས་འགུལ་རབས་དང་རིམ་པ་སྤེལ་གནང་གིས་རེ་བའི་མིག་འབུར་བཙན་བྱོལ་བོད་གཞུང་མང་གཉིས་ལ་གཏོད་བཞིན་པ་ཆུད་ཟོས་སུ་མི་འགྲོ་ཆེད་སྐབས་བསྟུན་ཛ་དྲག་གི་གནས་ཚུལ་མཁོ་སྒྲུབ་དང་ཕྱོགས་བསྒྲིགས། གཞན་ཡང་ལས་དོན་འཕྲོ་སྐྱོང་དགོས་རིགས་སྤྱི་འཐུས་རྒྱུན་ལས་ནས་མུ་མཐུད་འགན་ཁུར་གང་ཐུབ་ཞུ་རྒྱུ་ལགས་ན་ཀུན་གྱིས་དགོངས་དབྱིངས་སུ་མངའ་བར་མཁྱེན། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་༢༠༠༨ ཟླ་༡༢ ཚེས་༥ ལ།