རྗེ་མི་ལའི་རྣམ་མགུར་འདི་ཚོ་མི་ལས་གསུངས་པ་ཡིན་ནམ།

ཁར་སང་དེ་རིང་ཞིག་ནས་མི་མང་པོ་ཞིག་གློ་བུར་དུ་གཉིད་ལས་སད་པ་ལྟ་ག་ས་གང་ལ་དོགས་པ་རྣམ་རྟོག་རེ་སློང་ས་ཨེ་རྙེད་ལྟ་བཞིན་འདུག་ལ། དེའི་གྲས་ནས་ངས་དོ་སྣང་བྱུང་ས་གཅིག་ནི་རང་རེའི་མགོ་མཁས་གྲུབ་དམ་པ་དག་ནས་མཇུག་ལུག་རྫི་རྒན་པོ་ཡན་ཆད་ཀྱིས་གཙུག་གི་ཏོག་ལྟར་བཀུར་བའི་མི་ལ་བཞད་པའི་རྡོ་རྗེ་ཞེས་མཚན་ཡོངས་སུ་གྲགས་པ་དེའི་རྣམ་ཐར་སྤྱི་དང་ལྷག་པར་ཡང་མགུར་འབུམ་གྱི་སྐོར་ལ་དོགས་སློང་འདི་འདྲ་ཞིག་ཡོང་གིན་འདུག དེ་ཡང་མི་ལ་སྐད་གྲགས་ཆགས་པ་དེ་ཡང་ཚུར་གཏུག་དུས་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་གྱིས་རྩོམ་སྒྲིག་མཛད་པའི་མགུར་འབུམ་རྣམ་ཐར་འདི་ཁོ་ན་ལས་མི་ལའི་ངོ་མཚར་བའི་མཛད་པ་རྣམས་རྟོགས་པ་ཡིན་མོད། རྣམ་མགུར་འདི་ལ་དོགས་གཞི་སྐྱེ་ས་མི་ཉུང་བ་ཞིག་ཡོད་པ་དེར་ཡང་ཁག་མེད། མགུར་དུ་བླངས་པའི་ཚིག་དེ་དག་རྗེ་མི་ལ་རང་གིས་ཡིག་ཐོག་ཏུ་བཀོད་པ་མེད་ལ་དེའི་ཞལ་སློབ་ལྟ་བུ་ཞིག་གིས་བཀའ་བསྡུ་བྱས་ཚུལ་ཡང་མེད། དེ་ཡང་དཔེར་ན་ལྷ་འདྲེ་མི་མ་ཡིན་ལ་བླངས་པའི་མགུར་གླུ་དེ་ཚོ་སུ་ཞིག་གིས་ཐོས་ཤིང་ཡི་གེར་བཀོད་ཚུལ་སོགས་ལ་ཡང་དོགས་གཞི་ཆེ། གཙང་སྨྱོན་གྱིས་བཀའ་བསྡུ་བྱས་ཟེར་ན་གཙང་སྨྱོན་འདི་བ་མི་ལ་འདས་ནས་ལོ་བརྒྱ་ཕྲག་དུ་མའི་རྗེས་སུ་བྱུང་བ་ཡིན་ཞིང་ཁོང་གིས་རྗེ་མི་ལའི་མགུར་འབུམ་བསྒྲིགས་ཚུལ་སྐོར་ཡང་དམངས་ཁྲོད་ནས་བསྡུ་རུབ་གནང་ཚུལ་ཞིག་གསུངས་འདུག དངོས་ཡོད་གནས་སྟངས་གཞིར་བཞག་ནས་བསམ་ན་རྗེ་མི་ལ་ཟེར་བ་ཞིག་འཇིག་རྟེན་འདིར་བྱུང་བར་བསྙོན་དུ་མེད་ཀྱང་རྣམ་ཐར་དུ་བྲིས་པ་ཚང་མ་བདེན་པ་ཡིན་མིན་གྱི་དོགས་གཞི་སྐྱེས་ཡུལ་ཞིག་ཆགས་འདུག་པ་ནི་མགུར་མ་འདི་དག་ལས་ཀྱང་ཤེས་པ་ཞིག་རེད།
འོན་ཀྱང་རྣམ་ཐར་རང་ངོས་ནས་སྤྱིར་བཏང་རྩོམ་རིག་གི་སྒྱུ་རྩལ་དང་ནང་དོན་རིག་པའི་རྣམ་བཞག་དང་མཐུན་མིན་གྱི་སྐོར་ལ་བསམ་ཚེ་རྨ་ཐར་འདི་འདྲའི་ཡིད་འཕྲོག་པ་ཞིག་ཕལ་ཆེར་བོད་དུ་མི་འདུག་ཅེས་བརྗོད་ཆོག་པར་འདུག འོན་ཀྱང་དེ་ཡང་རང་རེའི་གེ་སར་གྱི་སྒྲུང་དང་རྒྱ་ནག་གི་ཐང་སིན་བླ་མའི་རྟོགས་བརྗོད་ནུབ་ཕྱོགས་འགྲིམས་པའི་གཏམ་རྒྱུད་ལྟ་བུ་དང་ཁྱད་པར་ཆེར་མེད་པའི་སྒྱུ་རྩལ་གྱིས་མཛེས་རྒྱན་སྤྲས་པའི་རྟོགས་བརྗོད་ཅིག་ཏུ་ཁས་བླངས་ན་མི་རུང་བ་ཡོད་དམ། བརྗོད་གཞི་འདི་ཉེ་སྔོན་བོད་ཡིག་གི་དྲྭ་རྒྱ་གཞན་པ་རེའི་སྟེང་ནས་ཀྱང་གླེང་སློང་རེ་བྱས་སོང་ཡང་སྒྲོ་འདོགས་ཆོད་པ་འདྲ་བྱུང་མ་སོང་བས་འདི་གའི་དྲྭ་གྲོགས་ཚོར་དགོང་ཚུལ་གང་ཡོད་སྙམ་ནས་འདིར་བཀོད་པ་ཡིན།