བོད་ནང་དུ་དམ་དྲག་དང་ཁྲིམས་ཆད་གཏོང་བཞིན་པ།

བོད་མི་ཁག་ཅིག་བཙོན་ཁང་དེར་བཅུག་ཡོད་འདུག བསོད་ནམས་ཡར་འཕེལ་ནི་ད་ལོ་ཕྱི་ཟླ་༤ ཚེས་༢ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག་པ་དང༌། ཁོང་ལ་ཕྱི་ཟླ་༣ ཚེས་༢༤།༢༥ སོགས་སུ་ལྕོག་རི་ས་གནས་ཀྱི་ཞི་རྒོལ་གནས་ཚུལ་རྣམས་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་སྐོར་གྱི་ཉེས་འཛུགས་བྱས་ཡོད་འདུག
     གཞན་ཡང་གསར་ལམ་ནས་ཕྱི་ཟླ་༡༢ ཚེས་༢༡ ཉིན་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལོ་ཕྱི་ཟླ་༣ ཚེས་༡༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་གནང་མཁན་གྲས། ༡༽དཀར་མཛེས་རྟ་རྒྱུག་སྟེང་ཚང་པདྨ་བདེ་ཆེན་དང༌། ༢༽འོ་བཟང་བཀྲ་ཤིས་དཔལ་ལྡན། ༣༽མགོ་དགའ།མགོན་པོ་རྒྱལ་མཚན། ༤༽གཙང་ཁ་ཚང་བཟང་པོ་བཅས་བོད་མི་༤ ལ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་༣ རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཐོག་མར་ཁོང་རྣམས་ཟླ་གསུམ་ཙམ་རིང་དཀར་མཛེས་སུ་བཀག་ཉར་དང༌། དེ་རྗེས་ཉག་རོང་དུ་ཁྲིད་པ། ཡང་དཀར་མཛེས་སུ་ཟླ་གཅིག་བཀག་ཉར་བྱས་ཡོད་འདུག ཁྲིམས་ཐག་བཅད་ཟིན་མཚམས་རྒྱ་ནག་ཕྱོགས་སུ་ཁྲིད་ཡོད་འདུག
མདོ་སྨད་ཙ་ཡུས་དགོན་པའི་དགེ་འདུན་པ་གཉིས་ལ་ཁྲིམས་བཅད།
    མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་ཙ་ཡུས་དགོན་དགེ་ལྡན་ཆོས་འཕེལ་གླིང་གི་དགེ་འདུན་པ་བློ་བཟང་རང་ལོ་༣༦ ཅན་ལ་བཙོན་འཇུག་ཁྲིམས་ཆད་ལོ་༢༡ དང༌། དཀོན་མཆོག་སྦྱིན་པ་རང་ལོ་༣༣།༣༤ ཙམ་ལ་བཙོན་འཇུག་ཁྲིམས་ཆད་ལོ་༡༢ བཅད་ཡོད་འདུག ཁོང་གཉིས་ཕྱི་ཟླ་༣ ཚེས་༡༨ ཉིན་ཞི་རྒོལ་གནང་མཁན་གྲས་ཡིན་པ་དང༌། ཕྱི་ཟླ་༣ ཚེས་༢༣ ཉིན་གྲྭ་༢༦ འཛིན་བཟུང་བྱས་ཁོངས་སུ་ཡོད་འདུག ཁྲིམས་ཐག་གཅོད་མཁན་ནི་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཞེས་པ་ཡིན་འདུག་པ་དང་ཉིན་ཤས་སྔོན་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་ཚེས་གྲངས་ཁ་གསལ་ཤེས་རྟོགས་བྱུང་མི་འདུག།
ཨ་མདོ་རྔ་པ་རུ་དམ་དྲག་དང་ཁྲིམས་ཆད་གཏོང་བཞིན་པ།
འབྲེལ་ཡོད་ནས་གནས་ཚུལ་བརྒྱུད་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་༡༢ པའི་ཟླ་མཇུག་ཙམ་ལ་གནས་ཚུལ་འབྱོར་བར། སྐབས་དེའི་ཨ་མདོ་རྔ་པའི་གནས་སྟངས་ཅུང་ཙམ་ཞུས་ན་རྔ་པ་རྫོང་ཐོག་ཏུ་དམག་མི་སྔར་བཞིན་མངོན་གསལ་དོད་པོས་རྒྱུན་དུ་ཁྲོམ་གཞུང་ཡོངས་རྫོགས་ཁེངས་བསྡད་མེད་ནའང༌། ས་ཚིགས་མི་འདྲ་བ་གསུམ་ལ་དམག་མི་རྣམས་གཏན་སྡོད་བྱས་ཡོད་པ་དང༌། དུས་ཚོད་ངེས་མེད་ལ་ཁྲོམ་གཞུང་དང་གཡས་གཡོན་གྱི་དགོན་པ་ཁག་ལ་ལྟ་སྐོར་བྱེད་ཀྱིན་ཡོད་པ་མ་ཟད། དགོན་པ་ཁག་གི་ནང་ལ་བརྙན་ཕབ་འཕྲུལ་ཆས་རྒྱུན་དུ་བཞག་ཡོད་པས་དགེ་འདུན་རྣམས་གྱི་རྒྱུན་ལྡན་གྱི་འགྲོ་འདུག་ཐམས་ཅད་རྒྱ་ནག་གཞུང་གི་ལྟ་རྟོག་འོག་ཡོད་མུས་ཡིན་འདུག དེ་མིན་དེ་སྔོན་གྱི་ལྷ་བབས་དུས་ཆེན་དང་དགའ་ལྡན་ལྔ་མཆོད་གཉིས་ཀྱི་སྐབས་སུ་རྔ་པ་ཀིརྟི་དགོན་པའི་མཐའ་ཚང་མར་དམག་མིས་དམ་སྲུང་བྱས་ནས་དད་ལྡན་ཆོས་ཞུ་བ་རྣམས་གང་བྱུང་ཡོང་མ་བཅུག་པ་མ་ཟད། ལོ་རྟག་པར་ལྷ་བབས་དུས་ཆེན་སྐབས་དགོན་པའི་དགེ་བཤེས་དང་བླ་མ་རེ་གཉིས་ཀྱིས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་ཀྱི་ཆོས་ཐུན་ཉིན་གསུམ་རིང་ཡོད་པ་ད་ལོ་འཚོགས་བཅུག་མེད་པ་དང༌། ན་ནིང་ནས་མགོ་བཟུང་སྟེ་བོད་ཟླ་བཅུ་གཅིག་པའི་ནང་ཀིརྟིའི་དགོན་ཁག་གཙོ་བོར་གྱུར་བའི་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགེ་འདུན་པ་བཞི་སྟོང་ལྷག་གདན་འཛོམས་པའི་ཆོས་ཀྱི་བགྲོ་གླེང་ཆེན་པོ་འཇང་དགུན་ཆོས་ཀིརྟིའི་དགོན་པ་རྣམས་ལ་རེས་མོས་ཀྱིས་འཚོག་རྒྱུ་བྱས་ནས་ན་ནིང་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་འཚོགས་ཤིང༌། སྐབས་དེར་མདོ་དབུས་ཁམས་གསུམ་གྱི་དགོན་ཁག་བཞི་བཅུ་ཙམ་ནས་དགེ་འདུན་པ་སྟོང་ཕྲག་བཞི་ཙམ་ཕེབས་ཏེ་ཟླ་གཅིག་ཧྲིལ་པོར་འཚོགས་ཡོད་ལ། ད་ལོ་རྔ་པ་ཀིརྟི་དགོན་དུ་འཚོག་རྒྱུ་གཏན་ཁེལ་ཡོད་ནའང༌། རྒྱ་ནག་གཞུང་ནས་འཚོགས་མ་བཅུག་པས། རྔ་པ་ཀིརྟི་དགོན་པའི་ངོས་ནས་རྒྱ་ནག་གཞུང་ལ་སྙན་ཞུ་རིམ་པ་གསུམ་བརྒྱབ་ཡོད་འདུག་པའི་སྙན་ཞུ་ཐེངས་དང་པོའི་སྐབས་སུ། ལོ་སྔོན་མ་ལྟར་མདོ་དབུས་ཁམས་གསུམ་གྱི་དགོན་པ་གང་ནས་ཀྱང་ཡོང་ཆོག་རྒྱུའི་སྐོར་དང༌། ཐེངས་གཉིས་པར་རྔ་པ་རྫོང་གཅིག་བུའི་ནང་གི་དགོན་པ་ཁག་གི་དགེ་འདུན་པ་རྣམས་ལྷན་འཚོགས་བྱེད་རྒྱུ། ཐེངས་གསུམ་པར་ས་བཅད་མ་སྟོང་ཙམ་ཞིག་རང་དགོན་གྱི་གྲྭ་པ་རྣམས་འཚོགས་རྒྱུ་བཅས་ཡིན་འདུག་ཀྱང་འདི་གསུམ་ཀར་ཆོག་མཆན་མ་རག་པས་ད་ལོའི་དགུན་ཆོས་ཆེན་མོ་འཚོགས་ཐུབ་མེད་འདུག དེ་མིན་རྔ་པ་ཀིརྟི་དགོན་པས་བོད་ཟླ་བཅུ་གཅིག་པ་སྔ་ཕྱི་གཉིས་ཕུད་དེ་སྔ་མའི་ནང་དགོན་པའི་ཆོས་མཚམས་བྱེད་རྒྱུ་དང༌། ཕྱི་མའི་ནང་དགུན་ཆོས་ཆེན་མོ་འཚོགས་རྒྱུ་བྱས་མོད། གོང་ཞུས་ལྟར་དགུན་ཆོས་ཆེན་མོ་འཚོགས་མ་བཅུག་པ་མ་ཟད། ཟླ་ལྷག་ཀྱང་ཕུད་མ་བཅུག་པར་ལོ་གསར་དང་སྨོན་ལམ་ཚང་མ་ཚུར་ཟླ་གཅིག་གིས་སྔ་སྣུར་བྱེད་དགོས་བྱུང་ཡོད་འདུག་ལ། དེའི་དམིགས་ཡུལ་ནི་དེ་ལྟར་ཟླ་ལྷག་ཕུད་ན་སྨོན་ལམ་ཆེན་མོ་སྤྱི་ཟླ་གསུམ་པའི་ནང་ལ་ཁེལ་འགྲོ་གི་ཡོད་སྟབས། ཚུར་འཐེན་བཅུག་པ་ཡིན་འདུག སྤྱིར་བཏང་རྔ་པའི་ཡུལ་སྲོལ་ལ་ལྷ་བབས་དུས་ཆེན་སྔོན་དུ་དགོན་གྲོང་ཚང་མས་ཁང་པར་ས་རྩི་བྱུགས་ཀྱི་ཡོད་ནའང༌། ད་ལོ་མྱ་ངན་གྱི་ལོ་ལ་སྲུང་བརྩི་བྱས་ནས་དགོན་གྲོང་ཚང་མས་རང་འགུལ་གྱིས་ཁང་པ་གཅིག་ལའང་ས་རྩི་བྱུགས་མེད་པ་དང༌། དེ་སྔོན་སྟོན་ཁར་དགོན་པ་རྣམས་ཀྱི་དབྱར་སྟོན་དང་གྲོང་པ་རྣམས་ཀྱི་ནས་སྟོན་སོགས་སྤྲོ་སྐྱིད་གཏོང་བའི་ལུགས་སྲོལ་ཡོད་པ་དེ་དག་གཅིག་ཀྱང་མ་བྱས་པ་དང༌། འཆར་ལ་ཉེ་བའི་ལོ་གསར་ཡང་གཏོང་གི་མིན་ཚུལ་གྱིས་མི་མང་རང་འགུལ་གྱིས་བསླངས་བའི་ལས་འགུལ་ཞིག་ཏུ་ཆགས་ཡོད་པས། བོད་ས་བྱི་ལོ་དེ་འདི་ལྟར་མྱ་ངན་དང་མིག་ཆུའི་ཀློང་ནས་བསྐྱལ་རྒྱུ་ཡིན་འདུག་ཀྱང་བརྗོད།
      རྔ་པ་རྟོགས་ལྡན་དགོན་གྱི་གྲྭ་སངས་དགའ་ལགས་སྤྱི་ཟླ་༨ ཚེས་༡༣ ཉིན་གྱི་དགོང་མོ་རྔ་པ་རྫོང་ཐོག་ནས་འཛིན་བཟུང་བྱས་ཤིང༌། ད་ལྟ་ད་དུང་ཡང་གར་ཡོད་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་འདུག་པས། འབྲེལ་ཡོད་ཚོས་དེ་སྔོན་ཡང་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་གསུམ་ལ་ཁྲིམས་ཐག་བཅད་པས་ད་ལྟ་ཕལ་ཆེར་ལྐོག་གསོད་བྱས་པ་མིན་ནམ་སྙམ་པའི་སེམས་འཚབ་སྐྱེས་ཀྱི་ཡོད་འདུགརྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཤེས་རབ། རང་ལོ་༢༦ ཙམ་ཡིན་པ་ཁོང་དེ་སྔོན་ཕྱི་ཟླ་གསུམ་པའི་ནང་ལྷ་ས་ནས་ཀིརྟི་དགོན་པའི་དགེ་འདུན་པ་གཞན་དག་དང་ལྷན་དུ་འཛིན་བཟུང་བྱས་ནའང༌། ཁོང་ལོ་སྔོན་མར་ྋགོང་ས་མཆོག་གིས་གསེར་གྱི་རྟགས་མ་འབུལ་བཞེས་གནང་སྐབས་ལྷ་ས་འབྲས་སྤུངས་དགོན་པར་ས་རྩི་བྱུགས་མ་ཆོག་པའི་དོན་དག་བྱུང་སྐབས་ཐོག་དང་པོར་ས་རྩི་བྱུགས་མཁན་ཡིད་འདུག་པས་དེ་སྔོན་ནས་ཐེངས་འགར་རྩད་གཅོད་བྱས་ཀྱང་རྒྱ་ལག་ཏུ་མ་ཤོར་བར་ཡོད་པ་སྐབས་དེར་འཛིན་བཟུང་བྱས་ནས་ལྷ་སར་ལོ་༡ དང་ཟླ་༢ གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། དེང་སྐབས་ལྷ་སའི་བཙོན་ཁང་ཞིག་ཏུ་བཀག་སྐྱིལ་བྱས་ཡོད་འདུག
      གཞན་ཡང་ད་ལོའི་ཞི་རྒོལ་ཆེན་མོ་དང་འབྲེལ་ཡོད་མི་སྣ་བདུན་ཅུ་དོན་གྲངས་ཤིག་ལ་རྒྱ་ནག་གཞུང་གིས་དྲང་བདེན་མ་ཡིན་པའི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་ནའང༌། ད་དུང་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་བྱས་ཡོད་པ་ཡང་གང་འཚམ་ཡོད་འདུག་པ་དང༌། དེ་མིན་བྲོས་བྱོལ་དུ་སོང་ནས་ད་ལྟ་ཡང་ནང་ལ་ཡོང་ཐུབ་ཀྱི་མེད་པ་མང་པོ་ཞིག་ཡོད་འདུག
      ཡང་དེ་སྔོན་ཞི་རྒོལ་ཆེན་མོའི་སྐབས་འཛིན་བཟུང་བྱས་རྗེས་གྲོངས་པའི་རྔ་པ་རྫོང་གཅའ་ཞང་གི་བུད་མེད་ནེ་ཆུང་གི་བུ་ཆུང་བ་ཆོས་པེ་ལ་རྒྱ་སྒོར༡༥༠༠༠ ཉེས་ཆད་བཅད་ནས་གནས་སྐབས་རིང་ནད་མནར་གྱིས་རྐྱེན་པས་གློད་གྲོལ་ཙམ་བཏང་འདུག་པ་དང༌། ཆེ་བ་བཀྲ་ཁོ་ལ་རྒྱ་སྒོར་༥༠༠༠༠ ཉེས་ཆད་བཅད་དེ་གློད་གྲོལ་བཏང་ཙམ་བྱུང་ཡོད་འདུག།