སེམས་ཚོར་དམར་པོ།
མེ་མདའི་བུ་ཡུག་འཚུབ་པའི་གཡུལ་ས་ན།།
ཚེ་སྲོག་རླུང་གིས་བདས་པའི་ཉམས་ཐག་འབུམ།།
ཟུངས་ཁྲག་ཡུར་ཆུ་འཐེན་པའི་གཤིན་ཐང་ནས།།
བདག་མེད་བམ་རོས་ཁེངས་པར་སུ་ཡིས་གཟིགས།།
ལས་དབང་སྔས་སུ་བྱས་པའི་ལྷོ་མཐའ་ནས།།
མིག་ཆུས་གདོང་རིས་བརླན་པའི་ངུ་རྒྱངས་ཀྱིས།།
བྱང་བརྒྱུད་ཁ་བས་གཡོག་པའི་དུར་ས་ན།།
རྒྱང་རིང་མིག་གིས་ཅེར་བ་སུ་ཡིས་གཟིགས།།
གཞན་གནོད་བཞི་ལས་ལྡོག་པའི་སྲིད་དོན་གྱིས།།
ཐར་པའི་ཁང་བཟང་མཛེགས་པའི་ལམ་ཟུར་ནས།།
ཕ་ས་དོན་དུ་གཉེར་བའི་རྨི་ལམ་ལ།།
རེ་བའི་རྨི་ཐག་འཕྱངས་པ་སུ་ཡིས་གཅོད།།
ཡར་གི་གསེར་གྱི་ཉི་མའི་འོད་སྣང་འོག།
མར་གི་ས་ཡ་དྲུག་གི་ལྷིང་འཇགས་སྣེ།།
རྟག་བརྟན་ཐེར་ཟུག་འཛིན་པའི་འཁྲུལ་སྣང་ལ།།
མི་རྟག་སྒྱུམའི་རང་ངོ་སུ་ཡིས་སྤྲོད།།
མུ་ཡུལ་སྔས་སུ་བྱས་པའི་གྲུ་ཁ་ན། །
མི་ལོ་ལྔ་བཅུ་ཟིན་པའི་མཇུག་སྣེ་ནས།།
མི་ནུས་གདམ་བྱ་མང་བའི་མིག་འཁྲུལ་གྱིས།།
བྱིས་པའི་སེམས་ཁམས་བསླུས་པ་སུ་ཡིས་དཀྲོགས།།
དགྲ་ལ་ཞི་མོལ་རེ་བའི་འཛུམ་མདངས་ཕག།
གཉེན་ལ་རྒྱུག་རྡུང་ཕོག་པའི་ན་ཚ་ཡིས།།
ཀི་ཅོས་གནམ་ས་དབྲལ་བའི་ཁོར་ཡུག་ན།།
གཉིས་ཕན་འབྲས་བཟང་སྨིན་པ་སུ་ཡིས་རེ།།
ནམ་མཁའི་འཇའ་རིས་མིག་གི་ལྟད་མོར་མཛེས།།
སྤྲང་པོའི་གླིང་བུ་ཕྱུག་པོའི་རྣ་བར་སྙན།།
ཞི་བའི་ལྟ་གྲུབ་བྱིས་པའི་བུ་རམ་གྱིས།།
བཀྲེས་ལྟོགས་སེལ་བའི་ལོག་རྟོག་སུ་ཡིས་བཟློག།
ཕ་རྒན་བསད་ནས་ཞགས་གསུམ་མ་ལོན་གོང༌།།
ཕ་མེད་དྭ་ཕུག་འཁྱམ་པོས་ཁ་བཏགས་སྣེ།།
ཕ་བསད་དགྲ་བོའི་མགུལ་ལ་འཐེན་པ་འདི།།
ཕ་བཟང་བུ་ཡི་གྲལ་གསེབ་སུ་ཡིས་བཞག།
ཁ་འདི་འཕྲེད་དུ་ཕྱེས་པའི་རྟེན་འབྲེལ་གྱིས།།
འཕྲེད་འཕྲེད་གཏམ་ལ་རྫོགས་མཐའ་མི་འདུག་པས།།
སེམས་ཀྱི་ཁྱེའུ་ཆུང་ངུས་པའི་མིག་ཆུ་རིས།།
འཕྲེད་དུ་འབབ་པའི་སྙན་ཚིག་འདི་ཉིད་སྤེལ།།
སྤྱི་ལོ་༢༠༠༨ཟླ་བ་༣ཚེས་༧ཉིན་སྤྱི་འཐུས་གྲོས་ཚོགས་སུ་བྲིས།
