རྒྱལ་མཆོག་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
སྐུ་ན་ཕྲ་དུས་ནས་སྔོན་གནས་རྗེས་དྲན་དང་མཛད་སྤྱོད་གང་ཅིར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཡང་སྤྲུལ་དུ་ངེས་པར་རྙེད། རིན་པོ་ཆེ་ཀུན་བཟང་རྩེ་བའི་དྲུང་ནས་ཡི་གེ་འབྲེི་ཀློག་དང་ཆོས་སྤྱོད་ཆོ་ག་སོགས་གསན་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཅིག་པར་བོད་དུ་ཕེབས། དགའ་ལྡན་ཁྲི་ཆེན་སངས་རྒྱས་རིན་ཆེན་གྱི་དྲུང་ནས་ལྷ་ལྡན་གཙུག་ལག་ཁང་དུ་རབ་ཏུ་བྱུང༌། དགའ་ལྡན་ཁྲི་ཟུར་དཔལ་འབྱོར་རྒྱ་མཚོས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོ་ཞེས་པའི་མཚན་གནང༌། དགུང་ལོ་ཉེར་དྲུག་པ་ཤིང་སྟག་༡༦༡༤ཧོར་ཟླ་བཅུ་གཉིས་པའི་དུས་ཚེས་དགེ་བར་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་པས་མཁན་པོ་དང༌། པཎ་ཆེན་བསོད་ནམས་གྲགས་པའི་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གིས་ལས་སློབ། གཞན་ཡང་གསང་སྟོན་དུས་བགོ་བ་སོགས་ལས་ཀྱི་ཁ་སྐོང་བའི་དགེ་འདུན་གྲངས་ཚང་བའི་དབུས་སུ། ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་ཚངས་པར་སྤྱོད་པའི་གཙོ་བོ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས་ཏེ། ངུར་སྨྲིག་འཆང་བ་རྣམས་ཀྱི་རྒྱལ་མཚན་གྱི་ཏོག་དམ་པར་གྱུར་ཏོ། །ལོ་དེར་གདན་ས་འབྲས་སྤུངས་ཚོགས་ཆེན་ཁྲི་ལ་ཞབས་སོར་འཁོར། །ཞལ་སྔ་ནས་ཁྲི་རིན་པོ་ཆེ་སངས་རྒྱས་རིན་ཅེན། ཁྲི་རིན་པོ་ཆེ་དགེ་འདུན་རྒྱལ་མཚན། ཞལ་སྔ་ནས་ཆོས་གཉེར་གྲགས་པ། དཔོན་སློབ་པཎ་ཆེན་རིན་པོ་ཆེ། གཟིམ་ཁང་གོང་སྤྲུལ་པའི་སྐུ། འོལ་ཁ་ནས་དྲུང་པ་མཁས་བཙུན་པ། རྗེ་ནོར་བུ་བ་སོགས་རང་ཕྱོགས་ངོས་ཀྱི་བླ་མ་མང་པོ་ལས་མདོ་སྔགས་ཀྱི་ཆོས་ཚུལ་ཇི་སྙེད་པ་གསན། སྤྱིར་དགེ་བའི་བཤེས་གཉེན་བསྟེན་ཚུལ་ལ། འབྲེོམ་ཆོས་ཀྱི་རྒྱལ་པོ་དང༌། རྗེ་བཙུན་མི་ལ་གཉིས་ཀྱི་རྣམ་པར་ཐར་པ་ལ་འགྲན་བཟོད་པའི། ཐ་ན་བཞད་གད་དང་ཀུ་རེ་ཙམ་གྱི་ཕྱིར་དུ་ཡང་མི་གུས་པའི་རྣཾ་འགྱུར་ཡེ་མི་མཛད། རྗེ་ཞལ་སྔ་ནས་སངས་རྒྱས་རིན་ཅེན་གྱི་སྐུ་གདུང་ཞུགས་སུ་ཕུལ་བ། སྐུའི་སྟོད་ཀྱི་ཆ་ཆེར་མ་འཚིག་པའི་འཕྲལ་དུ་ལྟ་སྣང་ལེགས་རྒྱུ་མེད་པ་ཞིག་སྤྱན་འབེབས་ལ་ཁྱེར་ཡོང་པ། དེར་འཁོར་མང་པོ་ཞིག་གིས་ཡ་ང་བའི་རྣམ་པ་བྱེད་པ་ལ། རྗེ་འདིས་ཕྱག་ཏུ་བཞེས་ཤིང་དབུ་ཐོག་ཏུ་ཡུན་རིང་པོའི་བར་དུ་བཞག་ནས་སྨོན་ལམ་འདེབས་པ་གནང༌། འོལ་ཁའི་དྲུང་བ་མཁས་བཙུན་པ་དེ། སྡེ་པ་འོལ་ཁ་བའི་མཆོད་གནས་དགོན་སྦུག་གི་བླ་ཆུང་ཡིན་ཀྱང༌། ཁོང་པ་ལ་བཞུགས་གདན་མཉམ་པ་ཙམ་འདིང་ཞིང་གསོལ་ཇ་སོགས་སྔོན་ལ་བཞེས་སུ་བཅུག དཔོན་སློབ་པཎ་ཆེན་རིན་པོ་ཆེ་དང༌། གཟིམ་ཁང་གོང་སྤྲུལ་པའི་སྐུ་གཉིས་ལ་བཀུར་བཟོས་ཆེས་པས། དྲུང་འཁོར་རྙིང་པ་རྣམས་བཀའ་ཆོས་གསན་ཡང་འདི་འདྲ་རང་མི་རིགས་སྔར་ནས་སྲོལ་མེད་ཅེས་མ་རངས་པ་ཆེན་པོ་བྱས། སྟོང་སྐོར་ཞབས་དྲུང་འཇམ་དབྱངས་རྒྱ་མཚོ་མཇལ་བར་བྱོན་དུས། ཐོག་མར་ཐམས་ཅད་མཁྱེན་པ་མ་གཏོགས་གཞན་ལ་མི་འདུད་པས། པཎ་ཆེན་རིན་པོ་ཆེར་ཕྱག་མི་འབུལ། སླར་བསྙེན་རྫོགས་སོགས་གསུང་ཆོས་ཞུ་རྒྱུ་ཡིན་པས་དེ་སྐབས་གུས་བཀུར་ཞུ་རྒྱུ་ཡིན་ཚུལ་མགྲོན་གཉེར་རྒྱ་ཡགས་པ་བརྒྱུད་སྙན་དུ་ཕུལ་བར་མ་དགྱེས་པའི་བསྐོར་སྦྱངས་ལན་གསུམ་གནང་སྟེ། ཕྱག་འཕྲལ་དུ་ཕུལ་བཅུག་པར་ཡང༌། དྲུང་འཁོར་རྣམས་ཀྱིས་སྟོང་སྐོར་བ་བདེན་ཞེས་གླེང་འདུག་ཀྱང༌། བཤེས་གཉེན་བསྟེན་ཚུལ་ལ་དགོངས་པར་མངོན། མངོན་སྤྱོད་མཐུ་སྟོབས་ནུས་པས་མི་སྲུན་པ་འཇོམས་པའི་མཚན་སྙན་འབྲེ་ཞིང༌། དགུང་ལོ་ཉེར་བརྒྱད་པར་རྒྱ་ནག་ཏཱ་མིང་རྒྱལ་པོས་ཁྱབ་བདག་རྡོ་རྗེ་འཆང་ཞེས་པའི་མཚན་བསྟོད་ཕུལ། རྒྱ་ཡུལ་དུ་ལྷ་ཁང་གསར་པ་བཞེངས་པ་ལ་དགའ་ལྡན་ཕོ་བྲང་ནས་རབ་གནས་གནང་བའི་ཕྱག་ནས་རྒྱ་ཡུལ་དུ་དངོས་སུ་བབ་པ་སོགས་མངོན་པར་རྟོགས་པའི་ཡོན་ཏན་བརྗོད་ལས་འགོངས། སོག་དམག་གཙང་དུ་དྲངས་པ་ལ་གཤོལ་བཏབ་ཏེ་འདུམ་པ་སོགས་བསྟན་འགྲོ་གཉིས་ཀར་བཀྲིན་ཤིན་ཏུ་ཆེ་བར་བསྐྱངས། མཐར་མེ་འབྲུག་༡༦༡༦ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ལ་དགུང་གྲངས་ཉེར་བརྒྱད་པར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། །གདུང་རྟེན་དངུལ་གྱི་མཆོད་སྡོང་འབྲས་སྤུངས་ཚོགས་ཆེན་དུ་བཞུགས།།