ཝ་རན་གྷལ་དུ་བོད་མིའི་ཁྲོམ་སར་མེ་སྐྱོན་ཤོར་བ།

དེ་ཡང་རྒྱལ་ཁབ་གཞན་གྱི་སྐྱེ་བོ་རྣམས་ཀྱིས་བྲེལ་བྲེལ་ཚུབ་ཚུབ་ངང་ནས་ཕྱི་ལུགས་ཀྱི་ལོ་སར་དགའ་སྟོན་ལ་རོལ་བཞིན་པའི་སྐབས་སུ་རྒྱ་གར་ལྷོ་ཕྱོགས་ཧེ་དྷར་བྷ་དའི་ནང་བོད་མི་བལ་གོས་བཙོང་མཁན་རྣམས་ཕྱི་ལོའི་ལོ་སར་སེམས་ལ་སྡུག་བསྔལ་དང་མིག་ལ་མིག་ཆུས་ཁེངས་ནས་འདུག་དགོས་བྱུང་ཡོད་པ་རེད། ཝ་རན་གྷལ་དུ་ཡོད་པའི་བོད་མིའི་བལ་གོས་ཚོང་མཁན་གྱི་ཚོགས་སྡེ་གཉིས་ཡོད་ཅིང༌།གཅིག་ནི་ཧ་ནམ་ཀོན་ཌའི་འབབ་ཚུགས་འགྲམ་དུ་ཆགས་ཡོད་འདུག་ལ་དེར་ནང་མི་༡༣ གྱིས་ལོ་མང་རིང་བལ་གོས་ཀྱི་ཚོང་ལས་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད་འདུག

    ཕྱི་ལོ་༢༠༠༩ ལོའི་ཟླ་བ་༡ ཚེས་༡ ཉིན་གྱི་མཚན་དཀྱིལ་ཆུ་ཚོད་༡།༣༠ ཙམ་ལ་ཁོང་ཚོའི་བལ་གོས་ཚོང་ཁང་རྣམས་དང་ལྷན་དུ་རྒྱ་གར་སྒེར་གྱི་སྤྱི་སྤྱོད་རླངས་འཁོར་ལྔ་ཡོད་པ་ལས་གསུམ་བཅས་མེས་ཚིགས་ཡོད་འདུག བོད་མིའི་བལ་ཚོང་པ་རྣམས་ཀྱིས་བཤད་ཚུལ་ལྟར་ན། ཁོང་ཚོ་འགའ་ཤས་ཤིག་གིས་དེ་སྔོན་ཕྱི་ལོ་༢༠༠༨ ཟླ་བ་༡༢ ཚེས་༣༠ དང་༣༡ ཉིན་རྒྱ་གར་གླ་འཁོར་བདག་པོ་དང་ཁ་ལོ་བ་རྣམས་ཀྱི་བར་ཁ་རྩོད་ཤུགས་ཆེར་ཤོར་བ་བོད་པའི་ཚོང་པ་ཁག་ཅིག་གིས་མཐོང་ཡོད་ཚུལ་བརྗོད་འདུག དེ་རྗེས་ཕྱི་ཚེས་༣༡ དགུང་མོར་དོན་རྐྱེན་ངན་པ་དེ་འཕྲད་པ་རེད། གང་ལྟར་གླ་འཁོར་ཁ་ལོ་བ་རྣམས་ཀྱིས་གླ་འཁོར་མེར་བསྲེག་བཏང་ནས་བོད་པའི་ཁྲོམ་སར་མེ་སྐྱོན་ཤོར་བ་ཡིན་མིན་ཁུངས་ལྡན་ཁ་གསལ་ཞིག་མེད་པ་རེད། དེ་ནུབ་ལས་འགན་དུ་ཁེལ་བའི་ཚོང་ཁང་གི་མཚན་སྲུང་བ་ལྔས་བརྗོད་གསལ་ལྟར་ན། མི་ངན་གཞན་གྱིས་བོད་མིའི་ཚོང་ཁང་མེ་སྲེག་བཏང་བའི་དོགས་གཞི་ཡོད་ཚུལ་བརྗོད་ཀྱི་འདུག ས་གནས་ཀྱི་ཉེན་རྟོག་པས་རྩད་གཅོད་བྱེད་བཞིན་ཡོད་པ་དང༌། དོན་རྐྱེན་དེའི་གནས་ཚུལ་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱང་བསྲིང་བྱས་ཡོད་དང༌། རོགས་རམ་བྱེད་དུ་ཡོང་མཁན་གྱི་ཉེ་འཁོར་ལས་བྱེད་པ་རྣམས་ལས་གཅིག་ནི་ཉེ་འཁོར་དེར་ཡོད་པའི་ནང་པའི་ཚོགས་པ་ཞིག་ཡོད་པ་དེ་ཡིན་པ་དང༌། ཚོགས་པ་དེས་དུས་རྒྱུན་ནས་བོད་པ་བལ་གོས་འཚོང་མཁན་རྣམས་ལ་རོགས་རམ་བྱེད་ཀྱི་ཡོད་པ་དང༌། སྐབས་དེར་ས་གནས་སྲིད་གཞུང་ལ་འབྲེལ་གཏུག་བྱས་ཡོད་ཅིང༌། རྒྱ་གར་ས་གནས་གཞུང་གིས་གནོན་སྐྱོན་ཕོགས་པའི་ནང་མི་༡༣ ལ་དང་ཐོག་འབྲས་ཀི་ལོ་༢༥ རེ་སྤྲད་ཡོད་འདུག་ལ། གཞན་ལས་བྱེད་འགས་ཕྱིས་སུ་རོགས་རམ་བྱེད་པའི་ཁས་ལེན་བྱས་ཡོད་འདུག བལ་གོས་ཚོང་པ་གཞན་རྣམས་ཀྱིས་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ཧིན་སྒོར་༡༥༠༠༠ ཐམ་པ་ཞལ་འདེབས་ཕུལ་ཡོད་པ་རེད། གནོད་སྐྱོན་ཕོགས་པའི་ནང་མི་༡༣ རྣམས་ཀྱིས་བརྗོད་གསལ་ལྟར་ན། མེ་དགྲའི་དོན་རྐྱེན་གྱིས་ཁྱོན་བསྡོམས་ནས་ཧིན་སྒོར་འབུམ་༤༠ ནས་༤༥ བར་གྱོང་གུད་ཕོགས་ཡོད་པ་དང༌། སྒེར་དང་ཚོགས་སྡེ། ལྷག་པར་དུ་བཙན་བྱོལ་བོད་གཞུང་དཔལ་འབྱོར་ལས་ཁུངས་སོགས་ལ་རོགས་སྐྱོར་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད་འདུག ཁོང་ཚོའི་འབྲེལ་གཏུག་བྱ་ཡུལ་ནི་༩༧༤༠༡༢༡༨༥༡ དང་༠༨༢༢༣ ༢༥༨༥༦༦ ཡིན་པ་དང༌། ཕྱི་ཟླ་དང་པོའི་ཚེས་༢༥ རྗེས་སུ་འབྲེལ་གཏུག་ཁ་པར་ཨང་གྲངས་༩༡༧༧༢༥༨༥༨༦ ཡིན་འདུག།
འདི་གའི་གསར་འགོད་པ་ཚེ་རིང་དོན་གྲུབ་ཀྱིས་ཕྱི་ལོ་༢༠༠༩ ཟླ་བ་༡ ཚེས་༢ ཉིན་ས་གནས་ནས་བཏང༌།།