ཨ་རི་དང་བོད་པའི་མཐོ་སློབ་བར་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ།

རིགས་སློབ་མ་ལག་གཉིས་ཀྱི་དབུ་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་མཆོག་དང༌། མཱ་ཡ་མིའ་མཐོ་སློབ་ཀྱི་འགན་འཛིན་སྐུ་གཞོན་ཇེའ་ཧཕི་རིས་ཧབ་སིའ་རྣམ་གཉིས་ནས་མཐོ་སློབ་གཉིས་པོ་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ་བཞག་པའི་དགོས་དམིགས་དང་བརྒྱུད་རིམ་སྐོར་གསུང་བཤད་གནང་ཡོད་པ་རེད། སྐུ་ཞབས་ཇེའ་ཧཕི་རིས་ཧབ་སིའ་མཆོག་གིས་གསུང་དོན་ལ། མཱ་ཡ་མིའའི་ལས་མི་བརྒྱད་སྟོང་དང༌། སློབ་མ་སྟོང་ཕྲག་ཉེར་གཅིག་བཅས་ཚང་མའི་ཚབ་བྱས་ཏེ་ད་ཐེངས་ཕྱི་ལོ་གསར་ཚེས་ཉིན་གན་རྒྱ་བཞག་པར་སྐལ་བ་བཟང་སོང༌། ང་ཚོའི་སློབ་གྲྭའི་ངོས་ནས་གན་རྒྱ་འདི་གལ་ཆེན་པོ་ཞིག་ཡིན། དེ་རིང་ང་ཚོའི་སློབ་གྲྭ་དབུ་བརྙེས་ནས་ལོ་ཉིས་བརྒྱ་འཁོར་བའི་དུས་དྲན་མཛད་སྒོ་ཡིན། དུས་ཚོད་དེ་དང་ད་ཐེངས་གན་རྒྱ་བཞག་པ་འདི་གཉིས་ཀ་མཚམས་པོ་ཆགས་སོང༌། ང་ཚོའི་མཐོ་སློབ་ཀྱི་དམིགས་བརྟེན་ནང་འཛམ་གླིང་སྤྱིའི་གོ་རྟོགས་ཡོང་ཆེད་ཡིན། ད་ཐེངས་གན་རྒྱ་འཇོག་ཐུབ་པ་དེར་དགའ་པོ་བྱུང༌། ཡང་སྒོས་དེ་རིང་ང་ཚོའི་མཐོ་སློབ་ལོ་ཉིས་བརྒྱ་འཁོར་བའི་ཉིན་མོ་འདི་ལ་འཇོག་ཐུབ་པ་དེ་ཧ་ཅང་གིས་དགའ་པོ་བྱུང༌། ང་ཚོའི་མཐོ་སློབ་སློབ་མ་བརྒྱ་ཆ་ ༥༠ ཨ་རིའི་ཕྱི་ལོགས་སུ་སློབ་སྦྱོང་གི་གོ་སྐབས་སྤྲོད་ཀྱི་ཡོད། དེས་ན་ད་ཐེངས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་མཉམ་དུ་གན་རྒྱ་བཞག་པ་འདི་གལ་ཆེན་པོ་ཞིག་ཆགས་ཡོང་གི་འདུག འདི་ནི་གཞན་དུ་རྙེད་དཀའ་བའི་བོད་ཀྱི་ནང་དོན་རིག་པ་དང༌། སྤྱི་ཚོགས་ཀྱི་གནས་བབ། སྐད་ཡིག་སྦྱོང་བརྡར་གྱི་ཆེད་དུ་ཡིན་ཞེས་སོགས་གསུངས་ཡོད་པ་རེད། གསུང་བཤད་གྲུབ་རྗེས་ཕན་ཚུན་གན་འཇོག་ཡིག་ཆའི་ཐོག་མཚན་རྟགས་བཀོད་རེས་གནང་ཡོད་པ་དང༌། སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་དེ་དང་འབྲེལ་བའི་དེང་སང་རྡུལ་ཕྲན་མཚོན་ཆ་སོགས་ཀྱིས་ཉེན་ཁ་དང་འཁྲུགས་ཆ་ཆེ་བའི་འཛམ་གླིང་འདིར་བོད་ཀྱི་ཆོས་དང་རིག་གཞུང་གིས་ཞི་བདེ་སྐྲུན་ཐབས་ལ་དགོས་མཁོ་ཧ་ཅང་ཆེན་པོ་ཆགས་ཡོད། ད་ཐེངས་མཐོ་སློབ་གཉིས་པོ་ཤེས་ཡོན་བརྗེ་ལེན་བྱེད་པའི་གན་རྒྱ་བཞག་པ་དེ་ནི་འཛམ་གླིང་ཞི་བདེའི་ཆེད་བྱ་བ་རླབས་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་ཡི་ཡོད་ཅེས་དང༌། མཱ་ཡ་མིའ་མཐོ་སློབ་ཀྱིས་ང་ཚོའི་སློབ་མ་ཕྱི་རྒྱལ་ལ་ཕར་ལེན་འཆར་ཡོད་པ་དེ་ལ་བོད་གཞུང་གི་ངོས་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡིན་ཞེས་སོགས་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད།ས་རཱ་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱི་གསུངས་དོན། ཨ་རིའི་མཱ་ཡ་མིའ་མཐོ་རིམ་སློབ་གཉེར་ཁང་དང༌། རིགས་ལམ་སློབ་གཉེར་ཁང་གཉིས་ཕྱི་ལོ་ ༢༠༠༥ ལོར་ཐོག་མའི་འབྲེལ་བ་བྱུང་བ་རེད། འབྲེལ་བ་བྱུང་བ་ནས་ལོ་ཁ་ཤས་རིང་ཁོང་ཚོའི་མི་སྣ་ཚུར་ཕེབས་པ་དང༌། ང་ཚོའི་ངོས་ནས་ཀྱང་རིགས་ལམ་སློབ་གཉེར་ཁང་གིས་སློབ་སྦྱོང་སྤྲོད་སྟངས་ཐོག་ཉམས་མྱོང་གསོག་རེས་ཀྱིས་ལོ་ངོ་གསུམ་ཙམ་སོང་བ་རེད། དེ་རྗེས་འདས་པའི་ཉམས་མྱོང་དེས་ད་ཆ་དངོས་སུ་གྲུབ་འབྲས་བཟང་པོ་ཞིག་དང༌། ཐོག་མའི་དམིགས་ཡུལ་ནང་བཞིན་བསྒྲུབས་ཐུབ་པ་རེད། མ་འོངས་པར་ཕྱོགས་གཉིས་ཀས་ཤེས་ཡོན་སྤེལ་རེས་ཀྱི་གན་རྒྱ་དུས་ཡུན་རིང་དུ་གཏོང་རྒྱུའི་ཐོག རིགས་ལམ་སློབ་གྲྭའི་ཁོངས་ནས་སློབ་མ་མཱ་ཡ་མིའ་མཐོ་སློབ་ཏུ་ཕར་གཏོང་རྒྱུ་དང༌། ཁོང་ཚོའི་སློབ་མ་ཚུར་ལེན་རྒྱུ་བཅས་ལ་དེ་རིང་ང་ཚོ་ཕན་ཚུན་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ་འཇོག་པའི་མཛད་སྒོ་འདི་ཚུགས་པ་རེད་ཅེས་སོགས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་རེད།། གནས་ཚུལ་མཁོ་བསྡུ་བ། ངག་དབང་བྱམས་པ།