ལྔ་བཅུའི་དུས་དྲན་སྲུང་བརྩི་གྲ་སྒྲིག
རྒྱ་ནག་གིས་བོད་ཡོངས་རྫོགས་བཙན་བཟུང་བྱས་ནས་ལོ་ལྔ་བཅུའི་ནང་བོད་མིའི་ངོས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་འདྲ་མིན་བྱས་ཡོད་ལ་དྲག་གནོན་ཡང་ཚད་མེད་བྱས་ཡོད་པ་རེད། བོད་ས་ཡོངས་ནས་གཅིག་གྱུར་གྱི་ཞི་རྒོལ་ཤུགས་ཆེ་ཤོས་༢༠༠༨ ལོར་བྱུང་བ་དང༌། དེའི་སྐབས་བོད་མི་དམར་གསོད་དང་བཙོན་འཇུག བཀག་ཉར་སོགས་བྱས་ནས་བོད་མིའི་སེམས་ལ་བཟོད་ཐབས་མེད་པའི་སྡུག་བསྔལ་ཞིག་བཞག་ཡོད་པར་བརྟེན། བོད་བཅིངས་གྲོལ་བཏང་བའི་ལོ་དུས་སྲུང་བརྩི་ཞེས་པ་ཞིག་བྱེད་འདོད་མེད་པ་ནི། བོད་ཕྱི་ནང་གཉིས་ནས་འདི་ལོའི་ལོ་གསར་སྤྲོ་སྐྱིད་ཀྱང་དགའ་སྤྲོའི་ངང་གཏོང་རྒྱུ་མིན་སྐོར་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད་པ་འདིས་མཚོན་ཐུབ་ཡོད། འོན་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཙན་བྱོལ་བོད་གཞུང་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་དང༌། དེའི་རིང་ྋགོང་ས་མཆོག་གིས་དབུ་ཁྲིད་པའི་ཐོག་བཙན་བྱོལ་བོད་གཞུང་སྲ་བརྟན་ངང་གནས་ཐུབ་པ་སོགས་ལ་བརྟེན། དུས་དྲན་སྲུང་བརྩི་ཟབ་རྒྱས་བྱེད་རྒྱུའི་གོ་སྒྲིག་བྱེད་བཞིན་ཡོད་མོད། དེ་ལས་ཀྱང་ད་ལྟའང་བོད་ཀྱི་ས་གནས་མང་པོར་རྒྱ་གཞུང་ལ་ངོ་རྒོལ་མཚམས་ཆད་མེད་པ་མ་ཟད། བོད་བཙན་བཟུང་བྱས་པའི་ཉིན་དེར་རྒྱ་ནག་གཞུང་གིས་བཅིངས་གྲོལ་བཏང་བ་ཞེས་དུས་དྲན་སྤྲོ་སྐྱིད་ངང་སྲུང་བརྩི་བྱས་ན། བོད་མིས་བསྐྱར་དུ་ཞི་རྒོལ་བྱེད་སྲིད་ལ། རྒྱ་གཞུང་གིས་ཀྱང་དྲག་གནོན་གྲ་སྒྲིག་བྱས་ཏེ། བོད་ཀྱི་ས་གནས་གང་སར་དྲག་དམག་འགྲེམས་འཇོག་བྱེད་བཞིན་ཡོད་པ་རེད། དེ་ལུགས་ཀྱིས་བཙན་བྱོལ་ནང་ནས་ཀྱང་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱུས་ལོན་བྱེད་ཐབས་ལ་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་ངེས་ཆགས་ཡོད་པ་རེད།།
