དངུལ་ཁང་ཧ་ལོག་པའི་དཀྲོགས་གཏམ་ཐད་ལ་གསལ་བཤད།
འབྲེལ་ཡོད་ལས་བྱེད་ཚོས་གནས་ཚུལ་དེ་བདེན་པ་མིན་པའི་སྐོར་བཤད་ཡོད་པ་མ་ཟད། ཁྱེད་རང་ཚོས་དངུལ་འབོར་ཆེན་དུས་ཐོག་ལེན་དགོས་ན་ང་ཚོའི་ངོས་ནས་སྤྲོད་ཆོག་ཆོག་ཡིན། འོན་ཀྱང་ཁྱེད་རང་ཚོའི་དངུལ་ལ་དངུལ་སྐྱེད་ཡག་པོ་རག་གི་མ་རེད་ལ། བོར་བརླག་ཡོང་སྲིད་སྐོར་སོགས་བཤད་ཡོད་འདུག་ཀྱང༌། དངུལ་བཅོལ་མཁན་གང་མང་ཞིག་གིས་དེ་ཙམ་ཡིད་ཆེས་མེད་པར་གསོག་འཇོག་བྱས་པའི་དངུལ་ཟླ་འདིའི་ཚེས་༡༥ ནས་༡༧ བར་ཉིན་གསུམ་རིང་བཏོན་ཡོད་པ་རེད། ས་གནས་དངུལ་ཁང་གིས་རྒྱ་གར་ལྷོ་ཕྱོགས་སིར་སེལ་གྲོང་ཁྱེར་ལ་ཡོད་པའི་དབུས་དངུལ་ཁང་ལ་འབྲེལ་བ་བྱས་པ་བཞིན། ཟླ་འདིའི་ཚེས་༡༧ ཉིན་ས་གནས་དངུལ་ཁང་གིས་གོ་སྒྲིག་བྱས་ཏེ་བོད་མིའི་གཞིས་སྤྱི་ཚོགས་ཁང་དུ་དངུལ་ཁང་དེར་འབྲེལ་ཡོད་བོད་མི་རྣམས་བསྡུ་སྐོང་གིས་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད། ཚོགས་བཅར་བ་འབྲེལ་ཡོད་མི་མང་རྣམས་དངངས་སྐྲག་ངང་ཁོང་ཚོས་གསལ་བཤད་གང་འདྲ་ཞིག་བྱེད་ཡོང་བསམ་བཞིན་ཚོགས་འདུར་ཡོང་བ་དང༌། ཚོགས་འདུའི་ཐོག་དངུལ་ཁང་དབུས་ཀྱི་སྤྱི་ཁྱབ་འགན་འཛིན་དང་མོན་གྷོ་དངུལ་ཁང་གི་འགན་འཛིན། དེ་བཞིན་ས་གནས་དངུལ་ཁང་གི་འགན་འཛིན་སོགས་ཀྱིས་དེའི་སྐོར་གསལ་བཤད་གནང་དོན། དབུས་ས་གཉིས་ཀྱི་དངུལ་ཁང་དེ་བཙུགས་ནས་བཟུང་དེ་འདྲ་ཧ་ལོག་མྱོང་མེད་པ་མ་ཟད། ད་བར་རྒྱ་གར་རྒྱལ་ཡོངས་ནང་གི་དངུལ་ཁང་གྲུབ་འབྲས་ཨང་དང་པོ་ཐེངས་མང་ཐོབ་མྱོང་བའི་དངུལ་ཁང་ཡག་ཤོས་དེ་ཡིན་སྐོར་སོགས་དང༌། ཁྱེད་རང་ཚོས་གསར་ཤོག་ལ་ཡིད་ཆས་མ་གནང་རོགས། རྒྱ་གར་ལ་མཚོན་ན་མི་ཚང་རེ་རེའི་ནང་ལ་གསར་འགོད་པ་རེ་ཡོད་པའི་བཟོ་འདྲ་བོ་ཡོད་པས། ཁོང་ཚོས་བྲིས་ཚད་ལ་ཆ་འཇོག་བྱེད་མི་རུང་བ་དང་ང་ཚོས་དངུལ་ཁང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་དང་དངུལ་ཁང་དེ་ཧ་ལོག་གི་གནས་ཚུལ་ཡོང་མི་སྲིད་པ་ཞིག་རེད། དང་པོ་འདི་འཛུགས་དགོས་དོན་གཙོ་བོ་རྒྱལ་སྤྱིའི་ཚོང་དོན་སོགས་ཀྱི་ཆེད་དུ་བཙུགས་པ་ཞིག་མ་རེད། སོ་ནམ་ཞིང་ལས་པ་ཚོས་ཆེད་དུ་དངུལ་གཡར་ལེན་བྱ་ཡུལ་གྱི་ཆེད་དུ་བཙུགས་པ་ཞིག་ཡིན་སྐོར་དང༌། ང་ཚོས་ཧ་གོ་དོན་གསལ་ཡིན། ཁྱེད་རང་ཚོ་སྤྱི་སྒེར་སུ་ཡིན་རུང་ཁྲག་བསོགས་རྣག་བསོགས་བྱས་པའི་དངུལ་དེ་དག་སོ་སོའི་ནང་མི་སྤུན་མཆེད་སོགས་ལས་ལྷག་ཅིག་ང་ཚོར་ཡིད་ཆེས་བྱས་ཏེ་བཅོལ་ཡོད་པ་རེད། དེ་དག་ནམ་ཡང་གློ་བུར་དུ་མེད་པ་ཆགས་མི་སྲིད་པ་ཞིག་ཡིན་པ་མ་ཟད། དོ་བདག་སོ་སོས་ངེས་པར་དངུལ་ཕྱིར་འདོན་དགོས་ཚེ་ང་ཚོའི་ངོས་ནས་ཆད་ལུས་མེད་པར་ཕྱིར་སྤྲོད་ཆོག་ཆོག་ཡིན། ཁྱེད་རང་ཚོའི་དངུལ་ལེན་ན་དེ་ཐོབ་ཐང་ཆ་ཚང་ཡོད་པ་རེད་ཅེས་སིར་སིལ་ནས་ཡོང་བའི་དངུལ་ཁང་སྤྱི་ཁྱབ་འགན་འཛིན་གྱིས་གསལ་བཤད་གནང་སོང༌། དེ་རྗེས་འབྲེལ་ཡོད་ཚོགས་བཅར་བ་མང་ཆེ་བ་ཞིག་ཅུང་བློ་བདེ་བའི་རྣམ་པའི་ཐོག་ནས་ཁོང་ཚོ་དང་ལྷན་དྲི་བ་དྲིས་ལན་དང༌། དངུལ་ཁང་དེར་ང་ཚོ་བོད་མི་ལས་བྱེད་ཅིག་ལ་ས་མིག་སྤྲོད་ཐུབ་ཡོང་བ་སོགས་འབོད་སྐུལ་བྱས་པར་སྤྱི་ཁྱབ་པ་དེས་སྔར་བོད་པ་ཞིག་ལ་ས་མིག་སྤྲད་མྱོང་ལ། རྗེས་སུ་ཁོ་རང་གིས་མ་འགྲིག་པ་བྱས་པ་རེད། མིང་ལ་དོན་གྲུབ་རྡོ་རྗེ་ཟེར། འོན་ཀྱང་ཁྱད་པར་མི་འདུག་དབྱིན་ཧིན་གཉིས་ཀྱི་སྐད་དང་ཡི་གེ་ཡག་པོ་ཡོད་པའི་ཐོག་རྩིས་ཀྱི་ཕྱོགས་ལ་མཐར་ཕྱིན་པ་ཡོད་མཁན་ཞིག་དང༌། ཁྱེད་རང་ཚོ་བོད་མིའི་ངོས་ནས་ཡིད་ཆེས་བློ་གཏད་བྱ་ཐུབ་ས་ཞིག་དྲག་འདེམས་བྱས་ནས་བཏང་ན་མི་གཅིག་ཙམ་མ་ཡིན་པར་གཉིས་ལ་ང་ཚོས་ས་མིག་སྤྲོད་ཆོག་ཅེས་སོགས་གསལ་བཤད་གནང་སོང་ལ། མི་མང་རྣམས་ཀྱང་བློ་བདེའི་ངང་རང་རང་གི་སྡོད་གནས་སུ་ཕྱིར་ལོག་བྱས་སོང༌།།
མོན་གྷོ་གསར་འགོད་པས།