རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།

དགུང་ལོ་གསུམ་པར་པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་གཉིས་ཀྱི་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་ཡང་སྤྲུལ་ངོས་འཛིན་གནང་ནས་སྣ་དཀར་རྩེར་གདན་དྲངས། དགུང་ལོ་དྲུག་ཐོག་སྡེ་སྲིད་གཙང་པའི་བཀའ་འཁྲོལ་འོག་ནས་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གདན་དྲངས་ནས་ཁྲི་འདོན་གནང༌། པཎ་ཆེན་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་བློ་བཟང་རྒྱ་མཚོ་གསོལ། དགུང་ལོ་དགུ་པར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་ནས། དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཅིག་པ་ནས་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་ལས་གཞུང་ཆེན་པོ་ལ་གསན་བསམ་སློབ་གཉེར་རྒྱ་ཆེར་མཛད། དགུང་ལོ་བཅོ་ལྔ་པར་དབུས་གཙང་ཕན་ཚུན་དང༌། བཀའ་དགེ་བར་གྱི་འཐབ་རྩོད་ཁྲོད་ཨེ་དང་ལྷོ་ཁ་ཀུན་ཉེན་གཡོལ་དང་སྦྲགས་གནས་གཟིགས་ལ་ཕེབས། དུས་བདེ་ལྷིང་འཇགས་མེད་སྟབས་དགུང་ལོ་བཅུ་བདུན་པར་ཕར་ཕྱིན་སྐབས་བཞི་པ་བར་དུ་ཐུགས་གཉེར་རྒྱ་ཆེར་གནང་བ་ལས་དེའི་ཡན་ཆད་ནས་མཛད་བརེལ་གྱི་དབང་དུ་སོང༌། དགུང་ལོ་ཉེར་གཅིག་ནས་ཟུར་ཆོས་དབྱིངས་རང་གྲོལ་དང༌། སྨོན་འགྲོ་ལོ་ཙཱ་བ་སོགས་ཀྱི་དྲུང་ནས་སྔ་འགྱུར་རྙིང་མ་པའི་ཐེག་པ་རིམ་དགུ་དང༌། སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀུན་ལ་འགྲན་ཟླ་མེད་པའི་མཁས་པར་བསླབ། དགུང་ལོ་ཉེར་གཉིས་པར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་ནས་དགེ་སློང་གི་སོྡམ་པ་སྒྲུབ། པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། མཁན་ཆེན་བསོད་ནམས་མཆོག་འགྲུབ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ་སོགས་ས་དགེ་རྙིང་གསུམ་གྱི་སྐྱེས་ཆེན་མང་པོའི་དྲུང་ནས་གསར་རྙིང་གི་ཆོས་སྐོར་མཐའ་ཡས་པ་གསན། མདོ་དབུས་སྐོར་གསུམ་དུ་གསར་རྙིང་གི་དགོན་སྡེ་བརྒྱ་ཕྲག་མང་པོ་གསར་འདེབས་དང་ཉམས་གསོ་གནང༌། དགུང་ལོ་ཉེར་དྲུག་པར་༡༦༤༢སོག་རིགས་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་དང༌། ཕྱག་མཛོད་བསོད་ནམས་རབ་བརྟན་གཉིས་དཔུང་གདང་བསྒྲིགས་ཏེ་བོད་ཤིང་སྒོ་ཅན་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ནས་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་གསར་དུ་བཙུགས། དགུང་ལོ་ཉེར་དགུ་པར་ཕོ་བྲང་པོ་ཏཱ་ལ་ཉམས་གསོ་དང་གསར་སྐྲུན་བྱས། སོ་གསུམ་པར་ལི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོ་དགེ་རྒན་དུ་བསྐོས་ནས་གསོ་རིག་འགྲོ་ཕན་གླིང་གསར་འཛུགས་གནང༌། དགུང་ལོ་སོ་དྲུག་ཐོག་༡༦༥༢མན་ཆིན་གོང་མ་ཧྲིན་ཀྲིས་གདན་དྲངས་པ་ལྟར་རྒྱ་ནག་པེ་ཅིན་ཕོ་བྲང་དུ་ཕེབས་ནས། ཆིངས་བོད་བར་མཆོད་ཡོན་གྱི་འབྲཻལ་བའི་རྨང་གཞི་གཏིང༌། གསར་རྙིང་རིས་མེད་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་སྐབས་དེའི་བླ་སྤྲུལ་དགེ་བཤེས་ཡོངས་རྫོགས་ྋགོང་ས་ལྔ་པའི་ཞལ་སློབ་ཏུ་མ་གྱུར་པ་ཕལ་ཆེར་མེད་པ་དང་འདྲ། ལུགས་ཟུང་འཕྲིན་ལས་ཀྱི་དར་ཡུག་དཀར་པོས་བོད་ཙམ་མ་ཟད་རྒྱ་སོག་གི་ཡུལ་གྲུ་རྣམས་སུའང་ཁྱབ། མདོ་སྔགས་རིག་གནས་སོགས་ཀྱི་པར་གཞི་གསར་བརྐོ་དང༌། རྟེན་གསུམ་གསར་བཞེངས་རྒྱ་ཆེར་མཛད། མདོ་སྔགས་རིག་གནས་དང་བཅས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པ་གསང་བ་རྒྱ་ཅན་བཅས་གསུང་འབུམ་པོད་སུམ་ཅུ་ལྷག་མཛད། འཆད་རྩོད་རྩོམ་པ་དང་སྡེ་བཞིའི་རྒྱལ་ཐབས་ལ་བརྟེན་ནས་གངས་རིའི་ལྗོངས་འདིར་ཆོས་རྒྱལ་མེས་དབོན་རྣམ་པའི་སྐབས་ལྟར་རྫོགས་ལྡན་དཔྱིད་ཀྱི་དགའ་སྟོན་མགྲོན་དུ་བསུས་ཏེ་དགུང་གྲངས་རེ་དྲུག་པ་ཆུ་ཁྱི་༡༦༨༢ལོའི་བོད་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་པོ་ཏ་ལའི་གསེར་སྡོང་འཛམ་གླིང་རྒྱན་གཅིག་ནང་བཞུགས།