མི་རིགས་ནག་པོ་སྲིད་འཛིན་ཐོག་མ།

ཚོགས་པ་དེ། སྐབས་དེའི་བྲན་གཡོག་ཚོའི་རྨི་ལམ་དུའང་འཁོར་མྱོང་མེད་པ་ཞིག་རེད།

    ཕྱི་ལོ་ ༡༩༦༣ ལོའི་ཟླ་ ༨ ཚེས་ ༢༨ ཉིན་རང་དབང་དང་དྲང་བདེན་གྱི་ཆེད་དུ་འཐབ་རྩོད་བྱེད་མཁན་མི་རིགས་ནག་པོ་སྐུ་ཞབས་མར་ཏིན་ལུ་ཐར་ཁིན་གྱིས། ང་ལ་རྨི་ལམ་གཅིག་ཡོད་ཟེར་བའི་སྐད་གྲགས་ཅན་གྱི་གཏམ་བཤད་དེ། མི་ལོ་ཧྲིལ་པོ་ ༤༦ གི་རྗེས་ཏེ་སྟོང་ལོ་དགུ་པའི་ནང་གཞི་ནས་མངོན་དུ་གྱུར་པ་ཞིག་ཡིན། སྲིད་འཛིན་ཁྲི་འདོན་འདིས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་མི་རིགས་ནག་པོ་ཚོར་སྔོན་མེད་ཀྱི་སྤོབས་པ་བྱིན་ཡོད་ལ། ཨ་རིའི་དམངས་གཙོའི་རིང་ལུགས་དེ་སྤྱི་སྙོམས་ཚད་ལྡན་ཡིན་པའི་དཔང་པོའང་བྱས་ཡོད་ཟེར།
    འདས་ཟིན་པའི་ཟླ་གྲངས་འགའི་སྔོན་དུ་འོས་འཕེན་ས་ཡ་མང་པོས་ཨོ་བྷ་མར་རྒྱབ་སྐྱོར་དེ་ལྟར་བྱས་དོན་ཡང༌། ཕྱི་ལོ་ ༢༠༠༡ ནས་ལོ་གྲངས་ ༨ རིང་ཨ་རིའི་སྤྱི་མཐུན་ཚོགས་པས་རྒྱལ་ཚོགས་ཁང་དང་ཕོ་བྲང་དཀར་པོ་གཉིས་སྟངས་འཛིན་བྱས་པའི་རིང་ལ། དམག་འཁྲུག་འཁོན་འཛིན་གྱི་ས་བོན་འདེབས་པ་དང་དཔལ་འབྱོར་ཉམས་ཉེས་ལ་གདོང་ལེན་མ་ཐུབ་པ། ལས་མེད་ས་ཡ་མང་པོ་སྲང་ལམ་དུ་ཕུང་གསོག་ཐེབས་པ་སོགས་ཡོངས་རྫོགས་མཇུག་བསྡུས་ཏེ། ཨ་རིའི་མི་དམངས་ལ་འོད་སྟོང་གསར་པ་ཞིག་དང༌། བསྒྱུར་བཅོས་གསར་པ་ཞིག དམངས་གཙོའི་དུས་རབས་གསར་པ་ཞིག་འཆར་བའི་རེ་བས་ཨོ་བྷ་མ་ལ་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པ་རེད།
    དེར་བརྟེན་ཨོ་བྷ་མའི་གཏམ་བཤད་དུ་ངས་འདི་ནས་ཨ་རིའི་མི་དམངས་ལ་ཁས་ལེན་བྱེད་རྒྱུ་ནི། ངེས་པར་དུ་ཕྱི་འབྲེལ་གནད་དོན་ལ་དབྱེ་ཞིབ་བྱེད་རྒྱུ་དང༌། གོ་ལའི་ཚ་དྲོད་ཀྱི་དཀའ་ངལ་སེལ་ཐབས། མནར་གཅོད་གཏོང་སྲོལ་གྱི་སྲིད་ཇུས་ཕྱིར་བསྡུ་དང༌། བཙོན་ཁང་ཁག་གང་མང་སྒོ་རྒྱག་རྒྱུ་ཡིན་ཞེས་མི་མང་ཁྲི་ཚོ་མང་པོ་འཛོམས་སར་ཁས་ལེན་བྱས་ཡོད། ཟླ་འདིའི་ཚེས་ ༢༡ གི་རེས་གཟའ་ལྷག་པ་ནི་ཨོ་བྷ་མའི་སྲིད་འཛིན་ཡིག་ཚང་གི་ལས་ཀའི་ཉིན་དང་པོ་དེ་ཡིན་པ་དང༌། དང་ཐོག་སྲིད་འཛིན་མཆོག་གིས་ཟླ་གྲངས་ ༡༦ ནང་ཚུད་དུ་ཨི་རག་ཏུ་བཅའ་སྡོད་བྱེད་བཞིན་པའི་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱེད་འཆར་ཡོད་པ་དང༌། ལས་རོགས་ཚོས་ཁོང་གི་བཀོད་འདོམས་ལ་མོས་མཐུན་བྱེད་རྒྱུའི་རེ་བ་ཆེན་པོ་ཞིག་ཀྱང་བཅངས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།