རང་གི་ཆུང་མ་ལ་བོད་སྐད་ཐོག་འབོད་རྒྱུར་བདེ་བོ་མི་འདུག་ཟེར།
ངའི་གྲོགས་པོའི་མང་ལ་ཚེ་དབང་རྡོ་རྗེ་ཟེར། ཁོང་གིས་ལས་ཁང་དང་ནང་དུ་དུས་ཚོད་ནམ་བྱུང་ལ་བོད་ཡིག་སྦྱང་གི་ཡོད། ང་དང་ནམ་ཐུག་ན་བརྡའ་སྤྲོད་ཀྱི་སྐོར་སྐད་ཆ་འདྲི། ཡིན་ཡང་། ཐེངས་གཅིག་ངེད་གཉིས་ཀྱིས་བོད་པས་རང་གི་སྐད་ལ་སྣང་མེད་བྱེད་མི་རུང་པ་དང་། འགན་ཁུར་དགོས་སྐོར་བགྲོ་གླེང་བྱས། ངས་རང་གི་སྐད་ཡིག་ལ་འགན་ཁུར་ཟེར་བ་ནི་རང་ཉིད་ཀྱིས་ཉིན་རེའི་འཚོ་བའི་ནང་ལོངས་སུ་སྤྱོད་བཞིན་པའི་དངོས་པོ་གང་ཡོད་པ་དེ་དག་བོད་པ་ནང་ཁུལ་དུ་བོད་སྐད་ཁོ་ན་བེད་སྤྱོད་བྱེད་དགོས་ལ། དེའི་ཤུགས་རྐྱེན་རང་གི་བུ་ཕྲུག་དང་ནང་མི། ཁྱིམ་མཚེས། ཡུལ་མི་བཅས་ལ་ཐེབས་ཐུབ་པ་དགོས་རྒྱུ་རེད། བོད་སྐད་ནང་མིང་ཚིག་གཏན་ནས་མེད་པའི་འཕྲུལ་རིགས་དང་། ཆབ་སྲིད། དཔལ་འབྱོར། ཚན་རིག་སོགས་ཀྱི་ཐ་སྙད་རེ་ཡིན་ན་གནས་སྐབས་གཞན་སྐད་གཡར་རྒྱུ་དགོས་དབང་རེད་མོད། མ་གཞི་དེང་སྐབས་དོ་སྣང་བྱས་ན་བོད་ཕྱི་ནང་ཀུན་དུ་བོད་པའི་ཐ་སྙད་གསར་པ་མེད་པའི་སྟོང་ཆ་མང་པོ་ཞིག་བཀང་ཚར་འདུག ལྷག་པར་བོད་ནང་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་བོད་མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་པོས་གསར་བྱུང་དངོས་རིགས་མང་པོར་ཐ་སྙད་སྤུས་དག་བཟོས་ཚར་ཡོད་པ་རེད། ང་ཚོའི་ཉིན་རེའི་འཚོ་བའི་ནང་བཀོལ་སྤྱོད་བྱེད་རྒྱུར་མང་ཚིག་གིས་མི་འདང་བའི་དཀའ་ལས་ཡོད་མ་རེད་ལབ་པ་ཡིན། ངའི་གྲོགས་པོས་རེད་རེད་ངོ་མ་རེད། ཡིན་ཡང་ང་ཚོས་རང་གི་ཆུང་མ་ལ་བོད་སྐད་ཐོག་འབོད་རྒྱུར་བདེ་བོ་ཞིག་མི་འདུག wife ཟེར་ན་ཡག་ག་འདུག བོད་སྐད་ཐོག་ངའི་སྐྱེས་དམན་ཟེར་ན་ཁེ་མཚར་འདུག་ཟེར། ངས་དེ་ནི་རང་ཉིད་ལ་རང་ཉིད་ཀྱིས་མཐོང་ཆུང་རེད། སོ་སོའི་མི་རིགས་ཀྱི་འགན་མ་ཁུར་པ་དང་། ཐ་ན་རང་གི་བུ་ཕྲུག་ཚོ་བོད་པ་དག་མ་ཞིག་བཟོ་རྒྱུར་ཕ་མའི་འགན་ཁུར་མ་བྱས་པ་རེད། མི་དེ་འདྲའི་རིགས་ལ་ཉིན་གཅིག་སོ་སོའི་ཕ་མ་ལ་ཨ་ཕ་ཨ་མ་ཟེར་རྒྱུར་ངོ་ཚ་གི་རེད་བཤད་པ་ཡིན་ལ། ངེད་གཉིས་ཀྱི་བགྲོ་གླེང་ལ་བྲོ་བ་མེད་པ་ཆགས་སོང་། དེ་ནས་ང་ནི་རང་གི་གྲོགས་པོ་ལ་ཡང་སེམས་མི་དགའ་བ་ཞིག་ཆགས་སོང་། ཡིན་ན་ཡང་སྐད་ཆ་སྔར་ལྟར་བཤད་ཀྱི་ཡོད་ལ། ཁོ་རང་གིས་བོད་ཡིག་ལ་དོ་སྣང་སྔར་ལྟར་བྱེད་ཀྱི་འདུག
ཁ་སང་ཡང་ང་སེར་སྨད་བློ་དགའ། གྲོགས་པོ་ཚེ་དབང་གསུམ་གྱིས་ཡང་བསྐྱར་བོད་ཀྱི་ཐ་སྙད་གསར་བའི་སྐོར་བགྲོ་གླེང་མང་པོ་བྱས་མཐར་ངས་བདུན་ཕྲག་སྔོན་མའི་ནང་གཉའ་ཁྲི་ཆོས་རིགས་རིས་མེད་ཞབས་ཞུ་ཁང་གི་འགན་འཛིན་གྱིས་ཐུགས་རེ་ལྟར་སློག་ཕྲུག་ཁག་ཅིག་ལ་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་རྒྱུན་སྐྱོང་བྱེད་ཐབས་ཞེས་པའི་བརྗོད་གཞིའི་ཐོག་ངས་གཏམ་བཤད་ཅིག་བྱས་རབས་དང་། སྐབས་དེར་དེང་སང་སོ་སོའི་ཆུང་མ་ལ་ཡང་བོད་སྐད་ཐོག་འབོད་རྒྱུར་ངོ་ཚ་མཁན་ཡོད་པའི་དཔེ་མཚོན་ཁྱེད་རང་བྱས་པ་ཡིན་ཞེས་བཤད་པ་ཡིན། དེ་ནས་ང་ཚོས་དེས་སྐོར་ལ་ཡང་བསྐྱར་བགྲོ་གླེང་མང་པོ་བྱས། ངས་ཚེ་དབང་ལ་ཁྱེད་རང་གིས་སྐྱེས་དམན་ཟེར་རྒྱུ་ངོ་ཚ་ན་སྐྱེས་སྨན་བོས་ཀྱང་ཆོག་གི་རེད་ལ། ཆུང་མ་ཟེར་ཡང་ཆོག་གི་རེད་བཤད་པ་ཡིན་མོད། ཁོང་གིས། ད་ཁ་དྲོ། སྐྱེས་དམན་ལ་སྐྱེས་སྨན་ཞིག་སུས་ཟེར་རམ། ད་དེ་འདྲ་མ་བཤད་ང་འགྲོ་གི་ཟེར་ནས་ཆས་སོང་། དེ་ནས་ངས་ཡང་ནས་ཡང་དུ་ཁོ་ཚོའི་སྐད་ཆ་བཤད་སྟངས་ལ་བསམ་གཞིག་མང་པོ་བྱས་མཐར་ཁོང་ཚོ་མང་པོ་ཞིག་གིས་བོད་སྐད་ནང་དབྱིན་སྐད་ཀྱི་སླད་བསམ་བཞིན་དུ་བསྲེས་ཀྱི་ཡོད་པ་ནི་མ་ཤེས་པ་མིན་པར། བོད་སྐད་བཤད་རྒྱུར་ངོ་ཚ་ཡི་ཡོད་པ་རེད་བསམ་སོང་། ཡིན་ཡང་ང་ནི་བོད་པས་བོད་པར་བོད་སྐད་བཤད་མ་ཐུབ་པར་ངོ་ཚ་ཡི་འདུག དེ་རིང་ངས་དྲ་གྲོགས་ཚོར་འདིའི་སྐོར་ལ་བགྲོ་གླེང་རེ་ཡོང་ཐབས་སུ་ཟིན་བྲིས་སུ་བཀོད་པ་ཡིན། ཅིས་ཕྱིར་དེང་སྐབས་བོད་པས་བོད་སྐད་བཤད་རྒྱུར་མ་བདེ་བ་དང་ངོ་ཚ་དགོས་པ་རེད། ང་ཚོས་ཉིན་རེའི་འཚོ་བའི་ནང་ཡོད་བཞིན་པ་དང་ཤེས་བཞིན་པའི་བོད་སྐད་མི་སྤྱོད་པ་ཇི་རེད།