འགྲན་རྩོད་ལས་རྒྱལ་བའི་བཀའ་ཁྲི་

 

ཐེངས་འདིའི་བཀའ་ཁྲིའི་འོས་བསྡུའི་རྒྱལ་ཁ་དེ་གཟི་བརྗིད་ཅན་ཞིག་ཇི་ལྟར་བྱུང་ཡོད་དམ་ཞེ་ན། སྤྱིར་མང་གཙོའི་རྒྱལ་ཁབ་ཕལ་མོ་ཆེའི་ནང་དུ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེ་དག་ནི་དངུལ་དངོས་དང་། སྟོབས་ཤུགས་དང་། བཙན་ཤེད། ཁྱིམ་རྒྱུད་བཅས་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། དཔེ་མཚོན་ཞིག་བགྲང་ན་མང་གཙོ་ཚད་ལྡན་དུ་གྲགས་པའི་ཨ་རི་ལ་མཚོན་ན་ G.H.BUSH བྷུ་ཤི་སྲིད་འཛིན་བྱས་རྗེས་ཁོང་གི་བུ་G.W.BUSH ཡང་སྲིད་འཛིན་ཐེངས་གཉིས་ལ་གདམས་ཤིང་། CLINTON ཁེ་ལོན་ཏྲོན་ སྲིད་འཛིན་བྱས་མྱོང་ཞིང་། ད་ལྟ་ཁོང་གི་ལྕམ་སྐུ་hillary ཧིལ་ལི་རི་་རྒྱལ་དོན་དྲུང་ཆེ་བྱེད་བཞིན་པ་དང་། རྒྱ་གར་ལ་མཚོན་ན་ཚོགས་པ་ཆེ་ཤོས་ CONGRESS ཀོང་རི་སིའི་་་དབུ་ཁྲིད་པའི་རྒྱ་གར་གྱི་སྲིད་བློན་དང་། CONGRESS ཀོང་རི་སིའི་ཚོགས་པའི་དབུ་ཁྲིད་བཅས་ད་བར་དུ་ཤུགས་ཆེ་ཤོས་ནི་ JAWAHARLAL NEHRU ནེ་རུའི་ཁྱིམ་རྒྱུད་ཀྱིས་འཛིན་བཞིན་ཡོད།

འོན་ཀྱང་ད་ཐེངས་མཁས་དབང་བློ་བཟང་སེངྒེ་ལ་མཚོན་ན་གོང་དུ་བགྲང་མ་ཐག་པའི་གནད་དོན་དེ་ཚོ་དང་འབྲེལ་བ་གཏན་ནས་མེད་པར་ཞིག་ཆགས་ཡོད། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ལ་བལྟས་ན། བོད་མིའི་སྤྱི་ཚོགས་ཀྱི་ནང་གི་གལ་འགང་ཆེ་བའི་སྡེ་ཚན་ཤ་སྟག་སྟེ། མཐོ་རིམ་སློབ་གྲྭ་ནས་བཟུང་རང་ལོ་བཅོ་བརྒྱད་ཡན་གྱི་སློབ་གྲྭ་ཁག་གི་སློབ་མ་ཚོ་དང་། གདན་ས་གསུམ་དང་། ཆོས་བརྒྱུད་ཁག་གི་གྲྭ་བཙུན་དང་། ལས་རིགས་འདྲ་མིན་གྱི་ནང་དུ་ཞུགས་བཞིན་ཡོད་པའི་གཞོན་སྐྱེས་བཅས་ཀྱིས་ཁོང་ལ་རྒྱབ་སྐྱོར་གྱི་རྣམ་པར་ཤུགས་ཆེར་མངོན་ཡོད་པ་རེད། རྒྱབ་སྐྱོར་བ་དེ་དག་ནི་ཤེས་ཡོན་གྱི་གཏི་གནས་ཀྱི་ནང་དུ་ཡོད་པའི་མི་སྣ་རྐྱང་རྐྱང་རེད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། འགྲན་རྩོད་བྱས་པའི་བགྲོ་གླེང་གི་བརྙན་འཁོར་དེ་དག་བོད་ཀྱི་ས་ཁུལ་དག་ལ་ཡོངས་ཁྱབ་ཏུ་ཕྱིན་ནས་བོད་ནང་གི་བོད་མི་མང་པོ་ཞིག་གིས་་་མཁས་དབང་བློ་བཟང་སེངྒེ་་ཁོང་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་གསར་ལམ་ཁག་ཏུ་གནས་ཚུལ་ཐེངས་མང་པོར་ཐོན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བཀའ་ཁྲིའི་དངོས་གཞིའི་འོས་བསྡུའི་སྐབས་སུ་རྒྱ་ནག་གཞུང་གིས་འོས་མི་གསུམ་ལས། བློ་བཟང་སེངྒེ་ལ་དམིགས་ཀྱིས་བཀར་ནས་སྐྱོན་བརྗོད་བྱེད་དགོས་བྱུང་བ་རེད། མདོར་ན་བརྒྱུད་རིམ་དེ་དག་གི་ནང་དུ་ཐོབ་པའི་བཀའ་ཁྲིའི་རྒྱལ་ཁ་དེ་ནི་དེ་རིང་་་བློ་བཟང་སེངྒེ་་་གཅིག་པུ་ལ་ཐོབ་པ་ཞིག་མིན་པར་ལོ་རྒྱུས་ཀྱི་ཐོག་ནས་བོད་ལ་ཐོབ་པའི་གཟི་བརྗིད་ཅན་གྱི་རྒྱལ་ཁ་ཞིག་རེད་ཅེས་བརྗོད་ཆོག་པ་ཡིན།  

ད་རེས་་་མཁས་དབང་བློ་བཟང་སེངྒེ་་་ལ་སྔོན་འགྲོ་དང་། དངོས་གཞི་གཉིས་ཀའི་ནང་དུ་ལས་སླ་པོའི་སྒོ་ནས་འོས་ཤོག་གྲངས་མང་གི་རྒྱལ་ཁ་ཐོབ་པ་དེས་འབྱུང་འགྱུར་བོད་ཀྱི་ལོ་རྒྱུས་ལ་དོན་སྙིང་ལྡན་པ་ཇི་ལྟར་ཆགས་ཡོད་པ་རེད་དམ་ཞེས་བརྗོད་ན། དེ་ནི་ཕྱི་ལོ་ ༡༩༡༤ ལོ་ནས་འགོ་འཛུགས་ཀྱིས་བཤད་རྒྱུ་ཡིན། ཕྱི་ལོ་ ༡༩༡༤་ ཕྱི་ཟླ་ ༥་ ཚེས་ ༡༠་ ཉིན་རྒྱ་གར་དབྱིན་གཞུང་གི་སྐུ་ཚབ་འཐུས་མི་་་མཱེ་མོ་ཧེན་དང་། བོད་ཀྱི་སྐུ་ཚབ་བཀའ་བློན་བཤད་སྒྲ་བ། རྒྱ་ཡི་འཐུས་མི་་་ཨེ་ཝན་ཅེན་་་ཟེར་བ་བཅས་ནས་ཆིངས་ཡིག་ཅིག་བཞག་སྟེ། འབྲི་ཆུ་ཤར་རྒྱུད་དང་། ནུབ་རྒྱུད་ཟེར་བ་བོད་དུམ་བུ་གཉིས་སུ་བགོས་ནས་དེ་ལ་བོད་ནང་མ་དང་ཕྱི་མའང་ཟེར། ཁམས་ཀྱི་ཡུལ་ལུང་མང་ཆེ་བ་དང་། ཨ་མདོ་ཡོངས་རྫོགས་བོད་ཕྱི་མའི་གྲས་སུ་བཞག་ནས་རྒྱ་ཁོངས་སུ་ལྷུང་སོང་བ་རེད། ཡང་ཕྱི་ལོ་ ༡༩༥༡་ ལོ་ལ་བོད་སྡེ་པ་གཞུང་གི་སྐུ་ཚབ་ང་ཕོད་སོགས་སྐོར་ཅིག་པེ་ཅིང་དུ་ཞི་མོལ་ལ་བསླེབས་ཡོད། དེ་དུས་ཡང་དོན་ཚན་བཅུ་བདུན་ཟེར་བ་ཞིག་བཞག་ཡོད་ཀྱང་། འབྲི་ཆུ་ཤར་རྒྱུད་ཀྱི་ཁམས་དང་། ཨ་མདོ་གཉིས་ལ་བོད་ཀྱི་གནད་དོན་དང་འབྲེལ་མེད་ལྟ་བུའི་གྲོས་ཆོད་དེའི་ནང་དུ་རྩ་བ་ནས་ཚུད་མེད།  

ང་ཚོ་ཚང་མས་བོད་རང་བཙན་ནི་ཕྱི་ལོ་ ༡༩༥༩་ ལོ་ལ་ཤོར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་ནའང་ཕྱི་ལོ་༡༩༥༠་ ལོ་ལ་ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་ལྗོངས་དང་། ཟི་ཁྲོན་བོད་རིགས་རང་སྐྱོང་ཁུལ་བཙུགས་ཡོད། ༡༩༥༡་ ལོ་ལ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཙུགས། ཕྱི་ལོ་ ༡༩༥༣་ ལོ་ལ་རྔ་པ་བོད་རིགས་རང་སྐྱོང་ཁུལ་དང་། རྨི་ལི་བོད་རིགས་རང་སྐྱོང་རྫོང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་བཙུགས་ཤིང་། ཕྱི་ལོ་ ༡༩༥༤་ ལོ་ལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་ཟེར་བ་སོགས་བཙུགས། ཕྱི་ལོ་ ༡༩༥༩་ ལོ་ཡི་སྔོན་དུ་བོད་ཕྱི་མ་ཡོངས་རྫོགས་རྒྱ་ཡི་ཞིང་ཆེན་ཁག་གི་ནང་དུ་བགོས་ཟིན་པ་རེད། བོད་སྡེ་པ་གཞུང་གིས་ཀྱང་བོད་ཕྱི་མ་དེ་དག་རྒྱ་ཡི་ཞིང་ཆེན་ཁག་གི་ཁོངས་སུ་གཏོགས་ཤག་བྱས་ནས། ཕྱི་ལོ་ ༡༩༥༩་ ལོར་རྒྱལ་ཚོགས་སུ་སྙན་ཞུ་ཞིག་ཕུལ་བའི་ནང་དུ། རྒྱ་དམག་གིས་འབྲི་ཆུ་བརྒལ་ནས་བོད་ལ་བཙན་འཛུལ་བྱས་བྱུང་ཞེས་བྲིས་ཡོད། 

གནད་དོན་འདི་ཚོ་གང་ལ་ཐུག་པ་རེད་དམ་ཞེ་ན། དེ་ནི་བོད་སྡེ་པ་གཞུང་གི་དབང་འཛིན་པ་ཚོས་ཨ་མདོ་དང་། ཁམས་གཉིས་ལ་ཆབ་སྲིད་ཀྱི་དབང་ཆ་ཕར་ཞོག་རང་ས་རང་སྲུང་གི་ཆེད་དུ་དབང་ཆ་དང་། གོ་ལག་ཙམ་ཡང་སྤྲད་ཀྱི་མེད། དཔེར་ན་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་མདོ་ཁམས་གཉིས་ལ་རང་ས་རང་སྲུང་གི་ཆེད་དུ་སྡེ་པ་གཞུང་གིས་གོ་ལག་སྤྲད་དགོས་ཞེས་བཀའ་གནང་ཡང་། སྡེ་པ་གཞུང་གི་དབང་འཛིན་པ་ཚོས་ཁོང་ཚོ་ལ་གོ་ལག་སྤྲད་ན་ང་ཚོ་མགོ་སྟེང་སློག་གི་རེད་ཅེས་ཟེར་ནས་མི་འདོད་པའི་རྣམ་པ་བསྟན་ཡོད། བྱེད་ལས་འདི་དག་ལ་བརྟེན་ནས་རྒྱ་གཞུང་གིས་བོད་ཟེར་བ་དེ་བོད་རང་སྐྱོང་ལྗོངས་ཙམ་ལ་བཤད་བསྡད་ཀྱི་ཡོད།  

འདི་ལ་ད་ལྟ་པེ་ཅིང་དུ་ཡོད་པའི་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་འདི་ལྟར་གསུངས་འདུག བོད་ཅེས་པའི་ལོ་རྒྱུས་འདི་བོད་ལྗོངས་ཁོ་ནས་ཁུངས་སྐྱེལ་བྱེད་མི་ཐུབ་པ་མ་ཟད་བོད་ཀྱི་ལོ་རྒྱུས་འབྲི་ཐབས་བྲལ་བ་རེད་ཅེས་བརྗོད། རྒྱུ་མཚན་ནི། བོད་ཁུལ་ཡོངས་སུ་དབང་བསྒྱུར་བྱས་པའི་དགའ་ལྡན་པ་སྲོལ་གཏོད་མཁན་རྗེ་ཙོང་ཁ་པ་ནི་མཚོ་སྔོན་ཞིང་ཆེན་ཁུལ་དུ་འཁྲུངས་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དང་། སྐུ་ཕྲེང་བཅུ་པ་གཉིས་དཀར་མཛེས་རང་སྐྱོང་ཁུལ་ལི་ཐང་དུ་འཁྲུངས་པ། སྐུ་ཕྲེང་དགུ་པ་དང་བཅུ་གཅིག་པ་གཉིས་དཀར་མཛེས་རང་སྐྱོང་ཁུལ་འདན་ཁོག་དང་། མགར་ཐར་གཉིས་སུའཁྲུངས་པ། ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་གཉིས་ཨ་མདོ་ཁུལ་དུ་འཁྲུངས་ཤིང་། ཡང་དེ་སྔོན་ལྷ་སའི་སྨོན་ལམ་སྐབས་དགེ་འདུན་པའི་དབུ་འཛིན་དགའ་ལྡན་ཁྲི་པ་མང་ཆེ་བ་ཁམས་ནས་ཡིན་པ་དང་། སེར་འབྲས་དགའ་གསུམ་གྱི་དགེ་འདུན་ཁྲི་ཚོ་མང་ཆེ་བ་དེ་དག་ཨ་མདོ་དང་། ཁམས་ནས་ཡོང་བ་རེད་ཅེས་དང་།

དེ་ཡང་དེ་སྐབས་སྐད་གྲགས་ལྡན་པའི་ཚོང་པ་ཆེན་པོ་གསུམ་ཏེ། སྤོམ་འདའ་ཚང་དང་། ས་འདུ་ཚང་། ཨ་འབྲུག་ཚང་བཅས་ཚང་མ་ཁམས་ཕྱོགས་ཀྱི་མི་ཡིན། ཕྱི་ལོ་༡༩༥༢་ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོ་རྒོལ་བྱེད་མཁན་མི་མང་ཚོགས་འདུ་ཞེས་པའི་འགན་འཁུར་མི་སྣ་གཙོ་བོ་ཨ་ལོ་ཆོས་མཛད་ནི་དཀརམཛེས་ལི་ཐང་ཁུལ་གྱི་མི་རེད། ཕྱི་ལོ་ ༡༩༦༠་ ལོ་ཡི་གཡས་གཡོན་དུ་ས་མཚམས་ཁག་ནས་བཅིངས་འགྲོལ་དམག་ལ་ཁ་གཏད་གཅོག་མཁན་ཡུལ་གྱར་སྲིད་གཞུང་གི་རྒྱལ་སྲུང་པུའུ་ཀྲང་འབའ་པ་ཡེ་ཤེས་ནི་འབའ་ཐང་རྫོང་གི་མི་ཡིན་ཞིང་། ད་ལྟའི་བཀའ་བློན་ཁྲི་པ་དང་། ཚོགས་གཙོ་ཟུར་པ་ཟམ་གདོང་རིན་པོ་ཆེ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཇུས་པ་རེད། བོད་ཤར་ཕྱོགས་ཀྱི་ལོ་རྒྱུས་མི་སྣ་དེ་དག་དང་ཁ་བྲལ་ན། བོད་ཀྱི་ལོ་རྒྱུས་འབྲི་ཐབས་བྲལ་བ་ཞིག་རེད་ཅེས། འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་འགྲེལ་བཤད་བྱས་ཡོད་པ་རེད།

དེ་ལྟར་ན་འདི་ལོའི་བཀའ་ཁྲི་་་་མཁས་དབང་བློ་བཟང་སེངྒེ་་་་ལ་མཚོན་ན་འབྱུང་འགྱུར་བོད་ཀྱི་ལོ་རྒྱུས་དང་ཁ་བྲལ་ཐབས་མེད་པའི་བོེད་ཀྱི་ལོ་རྒྱུས་ཀྱི་ནང་དུ་གལ་འགང་ཆེ་བའི་མི་སྣ་ཞིག་འགྱུར་ཀྱི་ཡོད། རྒྱུ་མཚན་གང་ཡིན་ནམ་ཞེ་ན། གོང་དུ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་འགྲེལ་བཤད་ལས་འདི་དེ་བས་གལ་ཆེ་བ་ཞིག་མཐོང་ཐུབ། རྒྱུ་མཚན་གཞན་ཞིག་ནི། བོད་ཁ་བ་ཅན་ཞེས་གྲགགས་པ་འདིའི་ལོ་རྒྱུས་ལ་བལྟས་ན་གཉའ་ཁྲི་ནས་རྩིས་པའི་འུ་དུམ་བཙན་པོའི་བར་དུ་རྒྱལ་རྒྱུད་རིང་ལུགས་དང་། དེ་ནས་ཆོས་ལུགས་ཁག་གི་བླ་ཆེན་གྱིས་དབུ་ཁྲིད་པའི་ཕ་ཤུལ་བུས་འཛིན་གྱི་གཞིས་ཀ་ཁག་གིས་དབང་འཛིན་བྱས་ནས་ཕྱི་ལོ་ ༡༩༥༩ ལོ་ཡི་བར་དུ་བྱུང་བ་རེད། ཕྱི་ལོ་ ༡༩༦༠་ ལོ་ནས་བཟུང་༧གོང་ས་མཆོག་གིས་མང་གཙོའི་ལམ་ལུགས་སུ་བསྒྱུར་ནས་ད་བར་དུ་མི་ལོ་ལྔ་བཅུ་ལྷག་ཙམ་འདས་ཟིན་ཅིང་། མི་ལོ་ལྔ་བཅུའི་མང་གཙོའི་འགྲོ་ལུགས་ཀྱི་ནང་དུ་བཀའ་བློན་དང་བཀའ་ཁྲི། གྲོས་ཚོགས་ཀྱི་འཐུས་མི་བཅས་ཀྱི་འགྲོ་ལུགས་སྣ་ཚོགས་ཤིག་བརྒྱུད་ཡོད། ཕྱི་ལོ་ ༡༩༩༢་ལོར་གྲོས་ཚོགས་དང་། བཀའ་ཤག་གི་འགྲོ་སྟངས་ལ་འགྱུར་བ་ཆེན་པོ་ཞིག་བཏང་ནས་རྩ་བའི་ཆ་ནས་མང་གཙོ་ཡོངས་སུ་རྫོགས་པའི་ནང་དུ་བསྐྱོད་ཡོད།

ཡིན་ནའང་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་དུ་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་དེ་མཐའ་གཏུགས་ན་བོད་མི་ཡོངས་ཀྱིས་འཁུར་དགོས་པས་དེ་ནི་མང་ཚོགས་ཀྱི་འདོད་མོས་ཡོད་པའི་མགོ་ཁྲིད་ཚོ་ལ་རྩིས་སྤྲོད་བྱེད་རྒྱུའི་སྔོན་བརྡ་ཞིག་གནང་ཡོད། དེ་ནི་ཕྱི་ལོ་༢༠༠༡་ ལོ་ནས་བཟུང་ཆབ་སྲིད་ཀྱི་མགོ་ཁྲིད་མཐོ་ཤོས་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲིད་སྐབས་གཉིས་ཀྱི་རིང་ལ་མཁས་དབང་ཟམ་གདོང་རིང་པོ་ཆེ་མཆོག་གིས་འདས་ཟིན་པའི་མི་ལོ་ལྔ་བཅུའི་མང་གཙོའི་ནང་གི་བཀའ་བློན་དང་། བཀའ་ཁྲི་པ་སོགས་ལུས་ཁྱེར་མ་མྱོང་བའི་ཆབ་སྲིད་ཀྱི་འགན་དབང་ཧ་ཅང་གི་ཆེན་པོ་བཞེས་ཡོད། དེར་བརྟེན་༧གོང་ས་མཆོག་གིས་ག་དུས་ཡིན་ཀྱང་ང་ཕྱེད་བགྲེས་ཡོལ་ཡིན་ཞེས་ཡང་ཡང་བཀའ་གནང་གི་ཡོད་པ་རེད།

ཕྱི་ལོ་༢༠༡༡་ལོ་ཡི་བཀའ་ཁྲིའི་འོས་བསྡུའི་དངོས་གཞིའི་དུས་ལ་ཉེ་བའི་སྐབས་སུ་༧གོང་ས་མཆོག་གིས་ལྡོག་མེད་ཀྱི་བཀའ་ནན་ཞིག་གནང་བ་སྟེ། ད་ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་དབང་ཆ་ཆ་ཚང་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་གི་ཡིན་ཞེས་ཐུགས་ཐག་གཙང་བཅད་གནང་པ་རེད། འགན་ཧ་ཅང་གི་ལྗིད་པའི་ཆབ་སྲིད་ཀྱི་འགྱུར་མཚམས་འདིར་སྲིད་དབང་སུ་ལ་རྩིས་སྤྲོད་བྱེད་མིན་དེ་༧གོང་ས་མཆོག་གིས་མི་མང་གི་ལག་ཏུ་བཞག་གནང་ཡོད། མི་མང་གི་ངོས་ནས་བློ་གཅིག་སེམས་གཅིག་གིས་་་་མཁས་དབང་བློ་བཟང་སེངྒེ་་་ལགས་གདམས་པ་རེད།

དེས་ན་ཕྱི་ལོ་༢༠༡༡་ལོ་ཡི་བཀའ་ཁྲི་དེ་ནི་བོད་ཀྱི་ཆབ་སྲིད་ཀྱི་དབང་ཆ་ཆ་ཚང་མང་གཙོའི་ལུགས་ཀྱི་ཐོག་ནས་འགན་འཁུར་བཞེས་མཁན་གྱི་འགོ་ཁྲིད་མཐོ་ཤོས་དེ་ཆགས་ཡོད། དེ་རིང་གི་བཀའ་ཁྲི་འདི་ནི་བོད་ཀྱི་ལོ་རྒྱུས་ཀྱི་ནང་གི་ཆབ་སྲིད་ཀྱི་འགྱུར་མཚམས་མཐའ་མའི་འགོ་ཁྲིད་དང་པོ་དེ་རེད་ཅེས་བརྗོེད་ཆོག་པ་འདུག། རྒྱུ་མཚན་ནི། བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་རྒྱལ་རྒྱུད་རིང་ལུགས་དང་། ཕ་ཤུལ་བུས་འཛིན་གྱི་རིང་ལུགས། བཙན་བྱོལ་ནང་གི་ལོ་ལྔ་བཅུའི་མང་གཙོའི་རིང་ལུགས་བཅས་གསུམ་དུ་དབྱེ་ནས་བལྟས་པའི་སྐབས་སུ་འབྱུང་འགྱུར་རིང་ལུགས་དེ་གསུམ་ཀྱི་ནང་དུ་ཕྱི་ལོག་བྱེད་མི་སྲིད་ལ་ད་ལྟའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལས་ལོགས་སུ་ལམ་ཁ་ཞིག་མེད་པས་རེད། དེར་བརྟེན་དེ་རིང་གི་ཆབ་སྲིད་འཕོ་འགྱུར་དེ། རིང་ལུགས་གསུམ་པོ་ལས་ཡོངས་སུ་རྒལ་བ་ཞིག་གི་ནང་དུ་ཕྱིན་བཞིན་ཡོད།

ཨ་རི་ལྟ་བུའི་སྲིད་འཛིན་ལམ་ལུགས་ཅན་གྱི་མང་གཙོའི་འགྲོ་ལུགས་ལྟར་བྱེད་ན། དེ་རིང་གི་བཀའ་ཁྲི་མཁས་དབང་བློ་བཟང་སེངྒེ་་་བོད་ཀྱི་ལོ་རྒྱུས་ཐོག་གི་སྲིད་འཛིན་ཨང་དང་པོ་དེ་འགྱུར་ཡོད། ཆབ་སྲིད་ཀྱི་འཕོ་འགྱུར་ཧ་ཅང་གི་ཆེ་བའི་དུས་སྐབས་སུ་གདམས་ཐོན་བྱུང་བའི་ཆབ་སྲིད་ཀྱི་འགོ་ཁྲིད་མཐོ་ཤོས་མཁས་དབང་བློ་བཟང་སེངྒེ་ལ་མཚོན་ན་གོང་དུ་བཀོད་ཟིན་ལྟར་གྱི་བོད་ཕྱི་མའམ་རྒྱ་སྡེའི་ཁོངས་སུ་བཙུད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞེས་པའི་ལི་ཐང་གི་ཕོ་གཞོན་ཞིག་ཡིན་པས་འབྱུང་འགྱུར་བོད་ཀྱི་ལོ་རྒྱུས་ཀྱི་ནང་དུ་དོན་སྙིང་ཧ་ཅང་གི་ཆེན་པོ་ལྡན་པ་ཞིག་ཏུ་འགྱུར་ཐུབ་ཡོད་ཅེས་ཐེ་ཚོམ་མེད་པར་བརྗོད་ཐུབ་བོ།།