གཞས་དེ་གཏོང་མཁན་བཀྲ་ཤིས་དོན་གྲུབ་རེད་ཟེར།

འོད་སྡེར་དེའི་ནང༌། བོད་མིའི་སྐྱིད་སྡུག་དང་འབྲེལ་བའི་དངོས་ཡོད་གནས་སྟངས་མང་པོ་ཞིག་གཞས་ཚིག་གི་ལམ་ནས་གསལ་སྟོན་བྱས་ཡོད་སྟབས། རྒྱ་གཞུང་གིས་སོག་ཕྲུག་ཤེས་རབ་ལགས་འཛིན་བཟུང་བཀག་ཉར་དང༌། ཐེངས་འདིའི་ཁོང་གི་སྒྲ་སྙན་རྡུང་ལེན་ཆེད་སྒྲིག་འོད་སྡེར་ནང་གི་སྤྱི་ལོ་ལྔ་བཅུ་ང་བརྒྱད་ལོ་དང་སྤྱི་ལོ་ཉིས་སྟོང་བརྒྱད་ལོ་ཞེས་དེའི་སྐབས་ཀྱི་གནས་སྟངས་འཁོད་པའི་གཞས་དེ་ཁོང་གིས་བཏང་བ་ཡིན་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཏུ་སླེབས་ཡོད་ནའང༌། འདི་གར་ཁོང་གི་ཕ་ཡུལ་བཅིག་པ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་པ་ཞིག་གིས་འགྲེལ་བརྗོད་གནང་བ་ལྟར་ན། གཞས་དེ་གཏོང་མཁན་སོག་ཕྲུག་ཤེས་རབ་མ་རེད། བཀྲ་ཤིས་དོན་གྲུབ་རེད། ཁོང་གིས་གཞས་དེ་འདི་ལོར་འོད་སྡེར་གསར་པ་ཞིག་གི་ནང་འདོན་འཆར་ཡོད་འདུག་གཞུང་གིས་འདོན་བཅུག་ཡོད་པ་མ་རེད། སོག་ཕྲུག་ཤེས་རབ་དང་ཁོང་གཉིས་ཕ་ཡུལ་གཅིག་པ་ཡིན་པ་དང༌། བཀྲ་ཤིས་དོན་གྲུབ་ཡང་ཉེ་ཆར་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་ཡོད་འདུག་ཀྱང་རྗེས་སུ་གནས་སྟངས་ག་འདྲ་ཡིན་ཤེས་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་སོང༌། འོད་སྡེར་དེའི་ནང་སྤྱི་ལོ་ལྔ་བཅུ་ང་བརྒྱད་ལོ་དང་སྤྱི་ལོ་ཉིས་སྟོང་བརྒྱད་ལོ། ཞེས་པའི་གཞས་ཚིག་གཤམ་དུ་བཀོད་ཡོད།

 

སྤྱི་ལོ་ལྔ་བཅུ་ང་བརྒྱད་ལོ།།

དགྲ་ནག་པོ་བོད་ལ་ཐོན་པའི་ལོ།།

རྗེས་བླ་མ་བཙོན་ལ་བཟུང་བའི་ལོ།།

ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།

འདི་སྤྱི་ལོ་ལྔ་བཅུ་ང་དགུ་ལོ།།

བོད་དཔའ་བོ་ཁྲག་ལ་སྦྱར་བའི་ལོ།།

བོད་ཉེས་མེད་བཙོན་ལ་བཟུང་བའི་ལོ།།

ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།

སྤྱི་ལོ་ཉིས་སྟོང་བརྒྱད་ཀྱི་ལོ།།

བོད་ཉེས་མེད་གཅར་རྡུང་བྱས་པའི་ལོ།།

སའི་གོ་ལའི་འབངས་མི་བསད་པའི་ལོ།།

ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།