ྋགོང་ས་མཆོག་ལ་མཚན་སྨོད་བྱེད་བཅུག་པར་ངོ་རྒོལ།

ལམ་ཁ་བཟོ་བ་སོགས་རོགས་རམ་ཆེན་པོ་གནང་རྒྱུ་ཡིན་ལུགས་ཁྱབ་བསྒྲགས་བྱེད་སྐབས། སྡེ་དཔོན་ཡར་ལངས་ཏེ་ྋརྒྱལ་བ་རིན་པོ་ཆེ་ང་ཚོའི་ལྟ་བའི་མིག་དང༌། ཁོག་པའི་སྙིང་འདྲ་ཡིན་ལ། ཁོང་ལ་སྐྱོན་བརྗོད་ང་ཚོས་དུས་ནམ་ཡང་བྱེད་ཀྱི་མ་རེད།དེ་ལས་ང་ཚོ་ཤི་ན་དགའ་ཞེས་བརྗོད་དེ་ཚོགས་འདུ་བསྐོངས་མ་ཐུབ་པ་བཟོས་པ་དང༌། ལས་དོན་ཚོགས་ཆུང་ནས་ཁྱེད་ཚོ་ཟ་ས་འཐུང་ས་གཅིག་དང༌། སྙིང་གཏད་ས་གཅིག་རེད་འདུག དེ་ནི་ཤང་གི་ལས་བྱེད་ཚོས་སློབ་གསོ་ཡག་པོ་བརྒྱབ་མེད་པའི་རྐྱེན་རེད་ཅེས་ཤང་གི་ལས་བྱེད་ཚོར་བཀའ་བཀྱོན་བཏང་སྟེ་ལོག་དགོས་བྱུང་འདུག  དེ་རྗེས་ལས་དོན་ཚོགས་ཆུང་གད་མོ་སྡེ་པར་སླེབས་ནས་གོང་མཚུངས་ལྟར་དྲིལ་བསྒྲགས་དང༌། དེ་ལྟར་བཀའ་སྲུང་ཅི་སྒྲུབ་ཞུས་ན་རྒྱ་སྒོར་ཁྲི་༦༠༠ ལྷག་གི་རོགས་རམ་གནང་རྒྱུ་ཡིན་ལུགས་བཤད་སྐབས། སྡེ་དཔོན་རྙིང་པ་ཕུན་ཚོགས་ཆོས་འཕེལ་ཡར་ལངས་ཏེ་ྋརྒྱལ་བ་རིན་པོ་ཆེ་ནི་འཛམ་བུ་གླིང་ལ་བདེ་སྐྱིད་སྐྲུན་མཁན་གྱི་དེད་དཔོན་དང༌། ང་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རེད། ཁྱེད་ཚོས་ཁོང་ལ་དེ་ལྟར་བརྗོད་པ་ནི་མ་དགའ་ཕྲག་དོག་གི་སྐད་ཆ་རང་རེད།ང་ཚོས་ཁོང་ལ་སྐྱོན་བརྗོད་ག་དུས་ཡིན་ནའང་བྱེད་ཀྱི་མ་རེད། ད་ལྟ་གསོད་པ་ཡིན་ནའང་སོད་ཤོག་ཅེས་ཚོར་ཤུགས་དྲག་པོས་བརྗོད་པ་དང༌། སྡེ་དཔོན་གསར་པ་བྱམས་པ་རྒྱལ་མཚན་ཡང་ཡར་ལངས་ཏེ་དེ་ལྟར་བརྗོད་སྟབས་ཚོགས་འདུ་མཇུག་སྐྱོང་མ་ཐུབ་པ་གྲོལ་དགོས་བྱུང་འདུག
    ད་ལྟ་འབའ་ཐང་རྫོང་གི་གྲོང་གསེབ་ཁག་ཏུ་རྒྱ་མིའི་ལས་བྱེད་ཚོགས་ཆུང་སླེབས་ཏེ་ྋགོང་ས་མཆོག་ལ་སྐྱོན་བརྗོད་དགོས་པའི་ཚོགས་འདུ་གང་སར་འཚོག་བཞིན་ཡོད་ལ། དེར་མི་མང་གིས་ངོ་རྒོལ་ལས་འགུལ་ཡང་རྒྱུན་མར་སླེབས་ཀྱི་ཡོད་པ་དང༌། འབའ་གླིང་ཁ་གཤིས་པ་དང༌། སྒང་རི་ལུང་པ་བཅས་སུ་ལས་དོན་ཚོགས་ཆུང་གི་སྣུམ་འཁོར་གཏོར་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། ལྷག་པར་ན་ནིང་ནས་ད་བར་འབའ་གནས་སྒོ་གྲྭ་ཚང་དུ་ཚོགས་ཀྱང་འཚོག་མི་ཐུབ་པའི་གནས་སུ་གྱུར་ཡོད་པ་དང༌། གནས་སྒོ་གྲྭ་ཚང་གི་ཁོངས་གཏོགས་སྤོ་བ་དང༌། གད་མོ། རྫུལ་བ། ཀླད་ཀར་བཅས་སྡེ་པ་བཞིས་ད་ལོ་ལོ་གསར་མི་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།།