ྋགོང་ས་མཆོག་ལ་ཨི་ཊ་ལིའི་ཡུལ་མིའི་གཟེངས་རྟགས་འབུལ་བཞེས།
ཟླ་འདིའི་ཚེས་༨ ཉིན་ྋགོང་ས་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་ནང་ཞབས་སོར་འཁོད་ཡོད་པ་དང་ཚེས་༩ ཉིན་ྋགོང་ས་མཆོག་ལ་ལུང་པ་དེའི་ཆེས་མཐོའི་ཡུལ་མིའི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་རེད།འདི་ལྟར་འབུལ་དོན་ཡང་ྋགོང་ས་མཆོག་གིས་རྒྱལ་སྤྱིའི་ནང་བོད་ཀྱི་དཀའ་རྙོག་དེ་ཞི་བདེ་ཁོ་ནས་སེལ་ཐབས་གནང་བཞིན་པ་དང༌། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་རྒྱལ་ཁབ་ཕན་ཚུན་གྱི་རྩོད་རྙོག་ཡོངས་རྫོགས་ཞི་བདེ་ཁོ་ནའི་ལམ་ནས་སེལ་ཐབས་གནང་བ་ནི་ཆེས་གུས་བཀུར་འོས་པ་ཞིག་རེད་ཅེས་གཟེངས་རྟགས་ལྷན་ཚོགས་དེས་བརྒྱུད་བསྒྲགས་བྱས་ཡོད་པ་རེད། ྋགོང་ས་མཆོག་གིས་གཟེངས་རྟགས་དེ་བོད་མིའི་ཚབ་གནང་སྟེ་བཞེས་ཀྱི་ཡོད་པ་དང༌། མགོན་པོ་གང་ཉིད་ཐུགས་མཉེས་པོ་བྱུང་ཡོད་སྐོར་གསུངས་པ་དང༌། ད་ལྟ་བོད་ནང་དུ་རྒྱ་ནག་གིས་དམག་འབོར་ཆེན་བཏང་ནས་བོད་མི་ཚོ་ཛ་དྲག་འོག་གནས་ཡོད་པས། ཚང་མར་བོད་དོན་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་གནང་ཡོད་པ་རེད།
རོམ་གྲོང་ཁྱེར་གྱི་སྤྱི་ཁྱབ་པས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་ཡང་སྐབས་དེར་གསུངས་ཡོད་འདུག ཨི་ཊ་ལིའི་ཆེས་མཐོའི་གཟེངས་རྟགས་དེ་ྋགོང་ས་མཆོག་ལ་ཕུལ་བ་དེར་རྒྱ་ནག་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཏེ། དེ་ཡིས་རྒྱ་ནག་མི་མང་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་སྐོར་བརྗོད་ཡོད་པ་རེད།
ཕྱི་ཚེས་༡༠ ཉིན་འཇར་མན་ལ་ཆིབས་བསྒྱུར་གནང་བ་དང༌། ཡུལ་དེའི་གསར་འགོད་ཀྱི་གཟེངས་རྟགས་ཤིག་ྋགོང་ས་མཆོག་ལ་ཕུལ་ཡོད་པ་དང༌། སྐབས་དེར་འཇར་མན་གྱི་ཁྲོམ་ར་ཉམས་ཞིབ་མཐུན་ཚོགས་དང༌། ཁེ་ལས་གསར་འགོད་སྦྱོང་བརྡར་ལས་ཁང་སོགས་ཀྱིས་ྋགོང་ས་མཆོག་གིས་སྐྱབས་བཅོལ་དུ་མི་ལོ་༥༠ རིང་ལ་འཚེ་མེད་ཞི་བའི་ཐོག་ནས་བོད་མི་ཚོའི་ཐོབ་ཐང་རྩོད་ལེན་གནང་བ་དང༌། དེ་བཞིན་ཁོང་གི་བཟོད་སྒོམ་དང་མཁྱེན་སྟོབས། ཐུགས་རྒྱུད། བརྩི་བཀུར་སོགས་ལ་འགྲོ་བ་ཡོངས་རྫོགས་ཀྱིས་མིག་དཔེ་ལྟ་དགོས་པ་ཞིག་རེད་ཅེས་གསར་འགོད་གསལ་བསྒྲགས་ནང་འཁོད་ཡོད་པ་རེད། སྔོན་དུས་གསར་འགོད་གཟེངས་རྟགས་འདི་ཨ་ཧཕི་རི་ཁའི་སྲིད་འཛིན་ཟུར་པ་ནཱལ་སན་མན་ཌ་ལ་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་པ་ཀོ་ཧཕི་ཨ་ནན། ཨ་རིའི་སྲིད་འཛིན་ཟུར་པ་བྷིལ་ཁེལ་ཊོན་དང་ཁོང་གི་བཟའ་ཟླ། སི་པན་རྒྱལ་ཁབ་ཀྱི་ཁིངས་ཇཱན་ཀར་ལོ་བཅས་མི་གྲངས་ལྔ་ལ་མ་གཏོགས་ཕུལ་མྱོང་མེད་པ་རེད།།