ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དབུ་འབྱེད་མཛད་སྒོ།
ྋགོང་ས་མཆོག་དང་ལྷན་དུ་ཀ་ན་ཊ་ཀ་མངའ་སྡེའི་བློན་ཆེན་ཟུར་པ་སློབ་དཔོན་རྗིའ་ པི་རེམ་ཤཱ་ཝར་མཆོག་ཀྱང་མཛད་སྒོར་ཆིབས་བསྒྱུར་གནང་བ་དང༌། མཐོ་སློབ་དེར་ཧིན་སྒོར་༥༠༠༠༠༠ ཞལ་འདེབས་གནང་ཡོད་པ་རེད། བོད་ཁྱིམ་གྱི་མཐོ་སློབ་དེའི་སློབ་སྤྱི་ངག་དབང་རྡོ་རྗེ་ལགས་ཀྱིས་མཐོ་སློབ་འཚམས་སྦྱོར་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་རང་གཞུང་ལྷོ་ཕྱོགས་གཞིས་སྤྱི་འདའ་ཟུར་ཀུན་དགའ་རྡོ་རྗེ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང༌། ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་ཡོད་པ་རེད། དེ་རྗེས་མཐོ་སློབ་དེའི་ཕྱི་ལོ་༢༠༠༨ ལོའི་དགེ་འོས་བསླབ་པ་མཐར་སོན་པ་༡༧ ལ་མངའ་སྡེའི་བློན་ཆེན་ཟུར་པ་མཆོག་གིས་ཕྱག་ཁྱེར་གནང་བ་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་བོད་པའི་མཐོ་རིམ་སློབ་གཉེར་ཁང་གསར་བསྐྲུན་མཛད་སྒོ་འདིར། ང་རང་ཡོང་བའི་དུས་ཚོད་རག་པ་དགའ་པོ་བྱུང་ལ། དགེ་ལས་སློབ་མ་ཡོངས་ལ་འཚམས་འདྲི་ཡོད་ཅེས་དང༌། འབྱུང་འགྱུར་ཡང་སློབ་སྦྱོང་ཚད་ལྡན་བྱེད་དགོས་སྐོར་གསུངས་ཡོད་པ་རེད། དེ་རྗེས་ྋགོང་ས་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། དེ་རིང་འདི་གར་ང་ཚོས་ལོ་མང་པོའི་རིང་ལ་རེ་བ་བརྒྱབ་བསྡད་པའི་མཐོ་རིམ་སློབ་གྲྭ་འདི་ལེགས་འགྲུབ་ཐད་ལ་དཀའ་ལས་བརྒྱབ་བསྡད་པའི་ལས་ཀྱི་སྣེ་མོ་བ་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དང་པོ་སློབ་ཕྲུག་བྱ་དགའ་རག་མཁན་རྣམས་ལ་ངས་བཀྲ་ཤིས་བདེ་ལེགས་ཡོད། གང་ལྟར་སློབ་སྦྱོང་ཡར་ཐོན་ཡག་པོ་ཡོང་དུས་རང་སྐྱིད་པ་གཞན་ལ་ཕན་ཐོགས་པ་དེ་འདྲ་ཞིག་དགོས་པ་དེ་གལ་ཆེན་པོ་རེད་ཅེས་སོགས་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད། དེ་བཞིན་ཉིན་དེར་ཚོགས་ཞུགས་པའི་ནང་དུ་འབྲུག་པ་མང་པོ་ཡོད་པ་རྣམས་ལ་ྋགོང་ས་མཆོག་གིས་དམིགས་བསལ་བླངས་དོར་བཀའ་སློབ་གནང་ཡོད་པ་རེད།།
མོན་གྷོ་གསར་འགོད་པ་
སེལ་ཤུལ་དཀོན་མཆོག་གིས།རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ནས།