ལི་ཐང་དུ་འཛིན་བཟུང་བྱས་པ་ཁག་ཅིག་གློད་གྲོལ།

ཕྱི་ཚེས་༢༢ ཉིན་བྱམས་པ་ཐོགས་མེད་དང༌། བློ་བཟང་བསྟན་འཛིན། བྱམས་པ་ཡོན་ཏན། བྱམས་པ་ཚེ་རིང༌། སངས་རྒྱས། དགེ་འདུན། ཨ་རྡོ་རྒྱལ་མཚན་བཅས་འབའ་ཐང་རྫོང་གིས་གློད་གྲོལ་བཏང་ཡོད་པ་དང༌། འབའ་ཐང་རྫོང་དུ་ཁྲིད་པ་གཞན་རྣམས་ཀྱང་གློད་གྲོལ་གཏོང་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག ཕྱི་ཚེས་༡༩ ནས་༢༡ བར་ལི་ཐང་རྫོང་གི་ས་གནས་ཀྱི་བརྙན་འཕྲིན་བརྒྱུད་ནས་ངོ་རྒོལ་དེའི་སྐབས་བྱུང་བའི་དོན་རྐྱེན་རྣམས་ཁྱབ་བསྒྲགས་བྱས་ཡོད་པ་དང༌། མི་མང་ལ་ཉེན་རྟོག་པས་རྡུང་རྡེག་དང་རྨས་སྐྱོན་བཏང་བ་དེ་དག་གཅིག་ཀྱང་མ་བསྟན་པར་མི་མང་གི་ངོས་ནས་མིག་ལོག་ཅིག་བལྟས་པ་ཡན་ཆད་བསྟན་ཡོད་འདུག།