བོད་རྒྱལ་ལོ་༢༡༣༦ ས་གླང་ལོའི་ལོ་གསར།
ཕྱི་ཟླ་༢ ཚེས་༢༤ བོད་ཟླ་༡༢ ཚེས་༣༠ ཉིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་དྷ་ས་མེག་གྷན་ནས་ཀཱ་ཅ་རིའི་བར་དུ་མི་མང་གིས་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་ཡོད་པ་དང༌། སྐབས་དེར་གོ་སྒྲིག་པའི་ངོས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། རྡ་རམ་ས་ལའི་བོད་མིས་རེས་གཟའ་མིག་དམར་ཉིན་སྐད་འབོད་བྱེད་དོན་ནི། འཆར་ལ་ཉེ་བའི་བོད་མིའི་སྲོལ་རྒྱུན་གྱི་ལོ་གསར་དང༌། བོད་དུ་བཙན་གནོན་བྱུང་ནས་ལོ་༥༠ འཁོར་བའི་དུས་དྲན་སླེབས་ལ་ཉེ་བའི་མཚམས་འདིར། བོད་ནང་གི་བོད་མིར་རྒྱ་དམར་སྲིད་གཞུང་ནས་ཚད་ལས་འདས་པའི་དམ་དྲག་བྱས་པར་གདུང་སེམས་མཉམ་བསྐྱེད་ཆེད་དང༌། ཉེ་ཆར་རྒྱ་དམག་སྟོང་ཕྲག་བརྒལ་བ་ཆུ་ལོག་རྒྱས་པ་ལྟར་བཀྲམས་ཡོད་པ་དང༌། གྲོང་གསེབ་དང་གྲོང་བརྡལ་ཡོད་དོ་ཅོག་ལ་ཉིན་ལྟར་ཉེན་རྟོག་པའི་རླངས་འཁོར་གྱིས་བསྐོར་བསྐྱོད་བལྟ་སྲུང་བྱེད་ཀྱི་ཡོད། དེ་ལྟར་བྱེད་དགོས་དོན་ནི་དམར་པོའི་སྲིད་གཞུང་ནས་བོད་མི་ཚོས་བསྐྱར་དུ་སྐད་འབོད་དང༌། འགོག་རྒོལ་གྱི་གྱེན་ལངས་བྱེད་རྒྱུར་འཇིགས་སྐུལ་བྱས་པ་ཞིག་རེད། ཉེ་བའི་ཟླ་བཅུའི་རིང་གི་དྲག་གནོན་དེ་ནི་ལོ་ངོ་སུམ་ཅུའི་རིང༌། བོད་ནང་ཆབ་སྲིད་ཀྱི་གནས་སྟངས་ཆེས་གདུག་རྩུབ་དང༌། དམ་དྲག་ཆེ་ཤོས་ཤིག་རེད།
དམར་པོའི་གདུག་རྩུབ་ལ་མི་མང་གིས་ངོས་ལེན་བྱེད་མི་ཐུབ་པའི་གཞི་རྒྱ་ཆེ་བའི་ལས་འགུལ་དེའི་ནང༌། འདི་ལོ་དམིགས་བསལ་ཕྱི་ཟླ་༢ ཚེས་༢༥ ཡི་སྲོལ་རྒྱུན་ལོ་གསར་མི་གཏོང་བའི་འཆར་གཞི་དེ་ནི། ས་བྱི་ཞི་རྒོལ་ནང་འདས་གྲོངས་སུ་གྱུར་པའི་བོད་མི་རྣམས་དང༌། བོད་ནང་སྤེལ་བཞིན་པའི་ཀླ་ཀློའི་སྲིད་བྱུས་དེའི་ཆེད་དུ་རེད། ཕྱི་ཟླ་༢ ཚེས་༡༥ དང་༡༦ ཉིན་བོད་མི་བརྒྱ་ཕྲག་བརྒལ་བས་བོད་ཤར་ཕྱོགས་སུ། ྋགོང་ས་མཆོག་ཕྱིར་ལོག་ཕེབས་རྒྱུ་དང༌། ལོ་གསར་སྲུང་བརྩི་མི་ཞུ་བའི་ཆེད་དུ་སྐད་འབོད་བྱས་པར། སྐད་འབོད་པ་ཚོར་མི་ཆོས་ལས་འདས་པའི་ཉེས་རྡུང་བཏང་བ་མ་ཟད། མི་གྲངས་༢༤ འཕྲལ་དུ་བཀག་ཉར་བྱས་པ་རེད། རྒྱ་གཞུང་གི་ཕྱི་རྒྱལ་བ་དང༌། གསར་འགོད་པ་ཡོད་ཚད་བཀག་འགོག་ཐོག་ྋགོང་ས་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་ཚང་མ་རྩ་མེད་གཏོང་དགོས་ཞེས་དམ་བཅའ་བཞག་པ་རེད་ལ། དེ་ལྟར་བྱེད་དགོས་དོན་ནི། ཡོང་རྒྱུར་ངེས་པའི་ཁྲག་གི་དྲག་གནོན་དེ། རང་དབང་ཅན་གྱི་དཔང་རྟགས་ཚོས་མི་མཐོང་བའི་ཆེད་དུ་རེད།
བོད་ཀྱི་བུད་མེད་ལྷན་ཚོགས།
བོད་རྒྱལ་ཡོངས་མང་གཙོ་ཚོགས་པ།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།
སློབ་ཕྲུག་བོད་རང་བཙན་ཚོགས་པ།
ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༤ ཞོགས་པའི་ཆུ་ཚོད་༩།༣༠ ཐོག