ལོ་གསར་ཚེས་གཅིག་ཉིན།

ལོ་གསར་ཚེས་༡ ཉིན་སྟེ། ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༥ ཞོགས་པ་གངས་སྐྱིད་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྐྱོད་པ་ཡིན་ལ། དེར་མི་མང་འདུ་འཛོམས་སྔར་བཞིན་བྱུང་ཡོད་ནའང༌། ལོ་གསར་སྤྲོ་སྐྱིད་ཀྱི་གཞས་ཞབས་བྲོ་བཁྲབ་སྟོན་བྱེད་མཁན་མེད་ལ། ཕྲུ་གུ་དང་བུད་མེད་ཁག་ཅིག་རེ་མ་གཏོགས་ཆས་གོས་རྒྱས་སྤྲོས་བྱེད་མཁན་ཡང་ཧ་ཅང་དཀོན། གཙུག་ལག་ཁང་དུ་འབྱོར་བ་ན་དེར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་བོད་དོན་ཆེད་རང་སྲོག་ཤོར་བའི་དཔའ་བོ་དཔའ་མོ་ཚོའི་འདྲ་པར་བཤམས་ཏེ། མདུན་དུ་མཆོད་མེ་མཆོད་པ་དང༌། མེ་ཏོག་བཤམས་པ་སོགས་བྱས་ནས་མྱ་ངན་བྱེད་ཀྱི་ཡོད་པ་རེད། གཙུག་ལག་ཁང་གི་ནང་དུ་བོད་གཞུང་གི་ངོས་ནས་ལོ་གསར་སྐབས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྲུང་བརྩི་བྱས་ཡོད་པ་ལས་སྤྲོ་སྐྱིད་ཀྱི་རྣམ་པ་གང་ཡང་མི་འདུག དེར་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོས་དབུས་སྤྱི་འཐུས་རྣམ་པ། བཀའ་བློན་རྣམ་པ། སེར་སྐྱ་མི་མང་བཅས་འདུ་འཛོམས་ཀྱིས་ཞལ་འདོན་སྨོན་ལམ་གསུངས་ཡོད་པ་དང༌། སྐབས་དེར་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནང་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད་པ་རེད།
    ཆུ་ཚོད་༡༠་༣༠ ཙམ་ལ་གཞུང་འབྲེལ་གྱི་ཆོས་ཕྱོགས་མཛད་སྒོ་གྲོལ་བ་དང༌། མེག་གྷན་རླངས་འཁོར་འབབ་ཚུགས་ཀྱི་ཉེ་འཁྲེས་སུ་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཉིན་གསུམ་རིང་མི་གྲངས་ལྔ་བཅུ་ཙམ་གྱིས་ཟས་བཅད་ངོ་རྒོལ་ཞིག་ཀྱང་གནང་འདུག གཞོན་ལྷན་གྱི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་ཀྱིས་ཟས་བཅད་ངོ་རྒོལ་ནང་འཛུལ་ཞུགས་བྱེད་མཁན་མང་པོ་ཡོད་ནའང༌། དེ་རིང་མི་ལྔ་བཅུ་ལས་ཐོ་བསྡུ་རུབ་བྱེད་ཐུབ་མ་སོང༌། མི་ལྔ་བཅུ་འདི་བོད་རང་བཙན་ཤོར་ནས་ལོ་ལྔ་བཅུ་ཟིན་པའི་མཚོན་དོན་ཡིན་ཞེས་འགྲེལ་བརྗོད་གནང་སོང༌། ཟས་བཅད་ངོ་རྒོལ་དེའི་ནང་མང་ཆེ་བ་གྲྭ་པ་དང༌། བཙུན་མ་ཡིན་པ་དང༌། བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱང་མཉམ་ཞུགས་གནང་འདུག དེ་བཞིན་༢༠༠༨ ལོའི་ཕྱི་ཟླ་༣ པའི་ཚེས་༡༤ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་དོན་ལས་འགུལ་ནང་དངོས་སུ་འཛུལ་ཞུགས་བྱེད་མྱོང་མཁན་ཁམས་མི་ཉག་ནས་ཡིན་པ་ཀུན་བཟང་བསོད་ནམས་ལགས་ཀྱང་ཟས་བཅད་ངོ་རྒོལ་འདིའི་ནང་འཛུལ་ཞུགས་བྱས་ཡོད་པ་དང༌། ཁོང་ལ་ད་ལྟའི་ཚོར་སྣང་དང༌། དགོངས་ཚུལ་གང་ཡོད་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན། བོད་ནང་ནས་ན་ནིང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་དང༌། བསད་པ། རྡུང་རྡེག་བཏང་བ་ང་རང་གིས་དངོས་སུ་མཐོང་སོང༌། ང་རང་ལས་འགུལ་དེའི་ནང་འཛུལ་ཞུགས་བྱས་པ་རེད། ད་ལྟ་ང་རང་འདིར་ལས་འགུལ་ནང་ལའང་འཛུལ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་བ་དགའ་བོ་བྱུང་སོང༌། ཕྱི་ལོག་ནས་བོད་དོན་ལས་འགུལ་མང་པོ་སྤེལ་གྱི་འདུག གང་སར་ཁྱབ་བསྒྲགས་ཡག་པོ་འགྲོ་ཡི་འདུག འདི་བཞིན་མཚམས་མ་བཞག་པར་ལས་འགུལ་སྤེལ་ན་ཕན་ཐོགས་ཆེན་པོ་ཡོད་ཀྱི་རེད་བསམ་གྱི་འདུག་ཅེས་དང༌། སྔོན་མ་ཁྱེད་རང་བོད་ནང་དུ་ཡོད་སྐབས། འདི་ནས་ལས་འགུལ་སྤེལ་བའི་སྐོར་གསལ་བོ་གོ་མྱོང་བ་དང༌། བོད་ནང་དུ་ཡོད་སྐབས་ཀྱི་ལས་འགུལ་ལ་རེ་བ་ག་རེ་ཡོད་པ་དང༌། འདིར་སླེབས་སྐབས་ག་རེ་དགོངས་ཀྱི་འདུག་ཅེས་དྲིས་པར། ཁོང་གིས་གསུང་དོན། གསལ་བོ་ཞེ་དྲག་གོ་མྱོང་མེད། སྐབས་རེར་དྲ་རྒྱ་བརྒྱུད་ལམ་ནས་ཏོག་ཙམ་མཐོང་བ་རེ་དང༌། གྲོགས་པོ་ཚོ་བརྒྱུད་ནས་གོ་བ་ཙམ་ལས། ལས་འགུལ་འདི་སྤེལ་བ་རེད་དང༌། ཉིན་དེར་སྤེལ་བ་རེད་ཟེར་བ་སོགས་གོ་མྱོང་མེད། བོད་ནང་དུ་ལས་འགུལ་ཤུགས་ཆེན་པོ་སྤེལ་གྱི་ཡོད་པ་རེད། དེ་བཞིན་འདིར་ལས་འགུལ་མང་པོ་སྤེལ་གྱི་ཡོད་པ་ད་ལྟ་ང་རང་གིས་མཐོང་བ་རེད། མཉམ་འབྲེལ་གྱིས་ལས་འགུལ་འདིས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་སོང༌།།