ཚེ་དབང་དང་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གྱི་མཛད་སྒོ།

བོད་རིགས་དད་ལྡན་པ་རྣམས་ནི་ཕྱོགས་གཅིག་ནས་བོད་ས་གླང་ལོའི་ལོ་གསར་ཀྱི་དུས་ཚེས་བཟང་པོའི་ནམ་མཁའི་སྐྱ་རེངས་དང་ལྷན་དུ་ྋརྒྱལ་བ་ཡིད་བཞིན་ནོར་བུའི་གསེར་ཞལ་མངོན་སུམ་དུ་མཇལ་བའི་དགའ་སྤྲོ་དང་དད་པའི་སྤུ་ལོང་གཡོ་ཞིང་ཕྱོགས་གཞན་ཞིག་ནས་རང་རེ་གངས་ཅན་ལྗོངས་སུ་རྒྱ་དམར་ཀྱི་བཙན་འཛུལ་དང་བོད་གཞིས་བྱེས་གཉིས་སུ་གྱེས།མི་རིགས་རིག་གཞུང་དང་བཅས་པར་གོད་ཆག་བློ་ལས་འདས་པ་བྱུང་ནས་དུས་རབས་ཕྱེད་ཟིན་ཡོད་ན་ཡང་ད་དུང་བོད་ཀྱི་གནས་བབ་སྤྱི་དང་ལྷག་པར་བོད་ནང་དུ་ཡོད་པའི་སྤུན་ཟླ་རྣམས་ལ་མི་སྤྱོད་ལས་འདས་པའི་དཀའ་སྡུག་རྒྱུན་མི་ཆད་པར་མྱོང་བཞིན་ཡོད་པར་སྐྱོ་སེམས་ཀྱིས་ནོན་ནས་དགའ་སྐྱོ་ཟུང་གི་མཆི་མས་མིག་མཐའ་སྐོར་ཞིང་གནས།ྋགོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པས་དད་ལྡན་པ་སྤྱི་དང་ལྷག་པར་བོད་ཕྱི་ནང་གི་བོད་རིགས་རྣམས་ལོ་སར་གསུང་འཕྲིན་ལྗགས་ཀློག་གནང་ཞིང་འཚམས་འདྲི་གནང་རྗེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀྲིན་བསྐྱངས། དེ་རྗེས་བཙན་བྱོལ་བོད་མིའི་མཉམ་འབྲེལ་ཁག་གི་རྟེན་བཞུགས་ཀྱིས་དབུས་ས་གནས་གྲྭ་ཚང་ཁག་གིས་ྋགོང་ས་མཆོད་ཁམས་གསུམ་འགྲོ་བ་སྤྱི་དང་བྱེ་ཕྲག་བོད་གངས་ཅན་པ་ཡོངས་ཀྱི་བསོད་ནམས་ཀྱི་སྐལ་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པར་གསོལ་བ་ཕུར་ཚུགས་སུ་བཏབ་པ་དང༌། མགོན་པོ་གང་ཉིད་ཀྱིས་དད་པ་དམ་ཚིག་དག་པའི་རྟེན་འབྲེལ་ལམ་ལས་དང་བསོད་ནམས་བཟང་པོའི་མཐུ་ལས་སྐུ་ཚེ་ཡུན་དུ་བརྟན་པར་ཞལ་གྱིས་བཞེས་གནང་ཡོད་པ་རེད། ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་ྋགོང་ས་མཆོག་ཕོ་བྲང་དུ་ཞབས་སོར་འཁོད་པ་དང་ལུགས་ཟུང་བསམ་འགྲུབ་གླིང་གི་ས་གནས་འགོ་འཛིན་བཀྲ་ཤིས་དབང་འདུས་ལགས་དང༌། བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ཕུན་ཚོགས་ལགས་གཉིས་ཀྱིས་གཞིས་ལས་ཁང་སོ་སོའི་ལོ་འཁོར་ལས་བསྡོམས་རིམ་བཞིན་སྒྲོགས་སྦྱང་དང༌། ྋགོང་ས་མཆོག་གིས་སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང་ཞེས་པའི་དེབ་དབྱིན་བོད་རྒྱ་ཡིག ཀར་ཎ་ཊ་ཀའི་སྐད་བཅས་སྐད་རིགས་བཞིའི་ཤན་སྦྱར་ཅན་ཞིག་དང་སེར་སྨད་གྲྭ་སྨོན་ལམ་ལགས་ཀྱིས་བཟོས་པའི་བོད་ཀྱི་ཐུན་མིན་སྐད་གདངས་གཉིས་བཅས་སྒོ་འབྱེད་གནང་ཡོད་པ་རེད། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་ལོ་གསར་འཚམས་འདྲི་དང་སྦྲགས་གསུང་དོན། རྟེན་འབྱུང་གི་འགྱུར་ལྡོག་གི་ནང་ལ་ལེགས་ཉེས་སྣ་ཚོགས་ཤིག་གིས་འགྱུར་ནས་འགྲོ་བསྡད་ཀྱི་ཡོད་རེད། དེ་འདྲ་སོང་ཙང༌། འདས་པའི་ས་བྱི་ལོ་དེར་གཞིས་བྱེས་བོད་མི་ཚོ་ལ་དཀའ་ངལ་ཆེན་པོ་དུས་ཚོད་ཅིག་གི་ནང་ལ་ཕྱིན་པ་རེད། ད་རེས་ནས་གསར་དུ་ཚེས་པའི་ས་གླང་གི་ལོ་གསར་པ་དེ་གཞིས་བྱེས་བོད་མི་ཡོངས་རྫོགས་ལ་བདེ་སྐྱིད་ཐོབ་པའི་རེ་བ་དང་སྨོན་འདུན་བྱེད་ཀྱི་ཡོད་ཅེས་དང༌། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ག་དུས་ཡིན་ནའང་རེ་བ་བཟང་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་གྱིས་ཞེས་བཀའ་གནང་གི་ཡོད་རེད། དེ་ཞེ་དྲག་གི་རླབས་ཆེན་གྱི་བཀའ་སློབ་ཅིག་རེད། དེ་འདྲ་ཡིན་ཙང་ད་ལོའི་ལོ་འདི་ཕུན་སུམ་ཚོགས་པ་ཞིག་ཡོང་བ་ལ་ང་ཚོས་ཏན་ཏན་དེ་རིང་ནས་རེ་བ་རྒྱག་དགོས་ཀྱི་རེད་བསམ་གྱི་ཡོད། ངས་རེ་བ་རྒྱག་གི་ཡོད། ང་རང་སྒེར་ལྟ་བུ་ཞིག་ལ་ཆ་མཚོན་པ་ཡིན་ན། འདས་པའི་ལོ་མང་པོའི་ནང་ལ་ལོ་གསར་ཚེས་པ་གཅིག་དེ་རྟགས་དང་རྟེན་འབྲེལ་བཟང་པོ་མང་པོ་ཞིག་འཛོམས་པ་དེ་ད་རེས་ཡག་ཤོས་འདྲ་བོ་ཞིག་བྱུང་བསམ་བསམ་ཞིག་བྱུང་སོང༌། ལྷག་པར་དུ་བོད་མི་མང་ཤོས་ཡོད་སའི་གཞིས་ཆགས་སུ་ཡོད་པ་པའི་སེ་ར་ཆོས་སྡེའི་ནང་ལ་ྋགོང་ས་སྐྱབས་མགོན་ཆེན་པོའི་ཞལ་མཇལ་གསུང་ཐོས་ཡོང་བའི་སྐལ་བཟང་ཐོབ་པ་དང༌། སྟོན་པ་བདེ་བར་གཤེགས་པའི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་བྱུང་མང་པོ་ཞིག་གིས་བསྙེན་པར་རྫོགས་པའི་དགེ་སློང་སྒྲུབ་པའི་གོ་སྐབས་བཟང་པོ་ཞེ་བོ་ཞིག་དང་དུས་མཚུངས་དང་ཁེལ་བ་ཡིན་ཙང༌། ངེས་པར་དུ་ང་ཚོས་ད་ལོ་ལོ་གསར་པ་དེ་ཡག་པོ་ཡོང་བ་ཞིག་གི་རེ་བ་རྒྱག་ཆོག་གི་རེད་བསམ་གྱི་འདུག ཡིན་ན་ཡང་རེ་བ་བརྒྱབ་པ་དེ་དང་ཆབས་གཅིག་དུ་ང་རང་ཚོའི་ངོས་ནས་གྲ་སྒྲིག་དེ་ཛ་དྲག་དང་དཀའ་རྙོག་གི་གནས་ཚུལ་ག་འདྲ་ཞིག་བྱུང་པ་ཡིན་ཡང་དེ་ལ་གདོང་ལེན་བྱེད་པར་གྲ་སྒྲིག་གནང་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད། ད་ལྟའི་གནས་སྐབས་ལ་ཁྱེད་ཚོས་མཁྱེན་གསལ་ནང་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་རྩ་བ་ཉིད་ནས་ཆུང་དུ་སོང་ཡོད་མ་རེད། ཆུང་དུ་འགྲོ་བའི་ཚབ་ལ་ཛ་དྲག་གི་གནས་སྟངས་ཤུགས་ཆེ་རུ་ཕྱིན་ནས་འདས་པའི་ཟླ་བ་གཅིག་གཉིས་ཀྱི་ནང་ལ་རྡུང་རྡེག་ཚ་ནན་ལ་སོགས་པ་དང༌། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ། ལོ་གསར་གཏོང་དགོས་པའི་བཙན་བཀའ་བཏང་ལ་སོགས་པའི་ཕ་ཡུལ་ཀྱི་གྲོང་ཁྱེར་མང་པོ་ཞིག་གི་ནང་ལ་དམག་མི་བཀྲམ་པ་ལྟ་བུས་མཚོན་པའི་ཛ་དྲག་གི་གནས་ཚུལ་ཤུགས་ཆེན་པོ་ཞིག་ཆགས་ཡོད་རེད། ཛ་དྲག་གི་གནས་ཚུལ་འདི་ཡོང་བ་དེ། ཕྱོགས་གཅིག་ནས་ད་དུང་ཡང་བོད་ཀྱི་ནང་ལ་བཙན་གནོན་དང་གདུག་རྩུབ་ཆེན་པོ་བྱེད་རྒྱུའི་འཆར་གཞི་ཡོད་པའི་རྣམ་འགྱུར་ཞིག་ཐོན་གྱི་ཡོད་རེད་བསམ་གྱི་ཡོད། བརྟན་ལྷིང་དགོས་ཀྱི་ཡོད་པ་ཡིན་ན། བརྟན་ལྷིང་ཡོང་བའི་རྒྱུ་རྐྱེན་སྒྲུབ་སྟངས་དེ་ད་ལྟའི་ཁོ་ཚོའི་བྱེད་སྟངས་དེ་རྩ་བ་ཉིད་ནས་མ་རེད། དེ་མ་ཡིན་པ་དེ་རྒྱ་ནག་གི་འགོ་ཁྲིད་ཚོས་ཤེས་ཀྱི་ཡོད་མདོག་ཁ་པོ་རེད་མ་གཏོགས་ཁོ་ཚོ་འགོ་འཁོར་བ་རྩ་བ་ནས་མ་རེད་བསམ་གྱི་ཡོད། རྒྱལ་སྤྱིའི་ནང་དང་ལྷག་པར་དུ་རྒྱ་ནག་གི་ནང་ལ་དེ་ལས་ཛ་དྲག་ཆེ་བ་ཞིག་ལ་ཡ་འཛམ་གླིང་ཁྱོན་ཡོངས་ལ་ད་ལྟ་དཔལ་འབྱོར་གྱི་ཉམས་རྒུད་ཆེན་པོ་ཞིག་འགྲོ་ཡི་ཡོད་རེད། དཔལ་འབྱོར་ཉམས་རྒུད་ཕྱིན་པ་དེའིསྐབས་ལ་རྒྱ་ནག་གི་ནང་ལ་གཞན་དག་ལས་མྱུར་ཚད་མཐོ་བའི་དཔལ་འབྱོར་ཉམས་རྒུད་ཅིག་འགྲོ་ཡི་ཡོད་པ་དང༌། དེའི་དབང་གིས་ལས་མི་མང་པོ་ཞེ་བོ་ཞིག་གིས་ལས་ཀ་ཤོར་བར་བརྟེན་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་མི་ཡོང་བའི་དོགས་པ་ཡོད་པའི་སྐབས་དེ་ལ། ག་དུས་ཡིན་ན་རྒྱ་ནག་གི་མང་ཚོགས་ཀྱི་བསམ་བློའི་ཁ་རྒྱུར་རྒྱུ་དང་དོ་སྣང་གཞན་ལ་དྲངས་རྒྱུའི་ཆེད་ཁ་བྲལ་ཀྱིས་མཚོན་པའི་དཀའ་རྙོག་རེ་བཟོ་རྒྱུ་དེ་ཁོ་རང་ཚོའི་ཐབས་བྱུས་ཀྱི་ནང་ལ་ཡོད་པ་ཞིག་རེད། བོད་པ་ཚོའི་ཐོག་ལ་དམིགས་བསལ་ཀྱི་དྲག་སྡོམ་ཆེན་པོ་ཞིག་གཏོང་རྒྱུ་དང༌། བོད་ཀྱི་ནང་ལ་བརྟན་ལྷིང་མེད་པའི་གནས་ཚུལ་ཆེན་པོ་ཞིག་བཟོ་རྒྱུའི་འདོད་པ་མིན་འགྲོ་བསམ་ནས་དོགས་པ་ཟ་ཡི་ཡོད་རེད། དེ་འདྲ་སོང་པ་ཡིན་ཙང་ཁ་སང་ཉེ་ཆར་བཀའ་ཤག་གི་འབོད་སྐུལ་སྔ་ཕྱི་གཉིས་ཞུས་ཡོད། གང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་ནང་ལ་དཀའ་རྙོག་མི་ཡོང་བར་ཐབས་ལམ་གནང་རོགས་གནང་ཞེས་འབོད་སྐུལ་ཞུས་པ་དང་ཆབས་གཅིག་ཏུ་བོད་ནང་ལ་ཡོད་པའི་བོད་མི་ཚོ་ལ་ད་ལྟའི་གནས་སྐབས་ལ་སྲོག་བློས་བཏང་བྱས་ནས། ལུས་སྲོག་གཏོང་རྒྱུ་དང་བཙོན་ཁང་ནང་ལ་འཛུལ་བ་དེས་སྤྱི་པའི་ལས་དོན་གྱི་ཐོག་ལ་འཕྲལ་དུ་འབྲས་བུ་སྨིན་དཀའ་བ་ཞིག་ཡིན་ཙང༌། གནས་སྐབས་ཤིག་གི་རིང་ལ་བོད་མི་གཅིག་ལས་མ་བྱུང་བ་ཡིན་ན་ཡང་སོ་སོའི་ལུས་སྲོག་བདེ་འཇགས་སྲུང་སྐྱོབ་བྱས་ནས་བསྡད་ཐུབ་པ་ཡིན་ན་རྩ་དོན་ལ་དེའི་ཕན་ཐོགས་ཆེ་བ་ཡོང་གི་རེད། དེ་འདྲ་ཡིན་ཙང་བོད་ཀྱི་ནང་ལ་ག་ཚད་ཅིག་ཁོང་ཁྲོ་དང་བཟོད་བསྲན་མི་ཐུབ་པའི་སུན་གཙེར་བྱུང་བ་ཡིན་ཡང༌། ད་དུང་བཟོད་བསྲན་བྱས་ཏེ་ཇི་འཇམ་གྱི་ཐོག་ལ་བསྡད་རོགས་གནོངས་ཞེས་འབོད་སྐུལ་ཞུས་ཡོད། འབོད་སྐུལ་ཞུས་པ་གཞིར་བཟུང་ཚང་མས་དགོངས་པ་བཞེས་རྒྱུའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུང་འཕྲིན་དང་འབྲེལ་བོད་རྒྱའི་གནས་བབས་དང་འབྲེལ་ལམ། དམིགས་བསལ་ཚོགས་ཆེན་ཀྱི་བརྒྱུད་རིམ་བཅས་འགྲེལ་བཤད་གནང་བ་བརྒྱུད་ད་ལྟའི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ད་ལྟའི་གནས་སྐབས་ཤིག་གི་རང་ལ་མུ་མཐུད་ནས་དབུ་མའི་ལམ་ཡིན་པ་དང་དེ་ཡང་༢༠༠༨ ཕྱི་ཟླ་༡༢ ཚེས་༦ ཉིན་ྋགོང་ས་མཆོག་གིས་སྦར་སིལ་གྱི་ཡོ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་སྐབས་ལ་བཀའ་གསལ་པོ་གནང་བ་བཞིན་ཡིན་པའི་གསལ་བཤད་གནང་བ་དང༌། ད་དུང་གཞིས་ཆགས་ཁག་སྲ་བརྟན་དང་གཞིས་ཆགས་མུ་མཐུད་ནས་གནས་མིན་གཞོན་སྐྱེས་ཚོར་རག་ལས་ཡོད་སྐོར་ཀྱི་གསུང་བཤད་གནང་ཡོད་པ་རེད། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོ་བོ་ལོ་གསར་གསུང་འཕྲིན་གནང་ཡོད་པ་དང་དེ་བཞིན་སེར་སྨད་གྲྭ་སྨོན་ལམ་ལགས་ཀྱིས་བོད་ཡིག་ཐོག་སྐད་གདངས་དང་མཉེན་ཆས་སོགས་གསར་གཏོད་བྱས་པར་དམིགས་བསལ་བསྔགས་བརྗོད་དང་དགའ་བསུ་ཡོད་ཅེས་གསུངས་པ་དང་དེ་བཞིན་བོད་རིགས་སློབ་ཕྲུག་དང་ན་གཞོན་རྣམས་ཀྱིས་ངེས་པར་དུ་སོ་སོ་བོད་པ་ཡིན་བསམ་པའི་སེམས་སྟོབས་དང་སྤོབས་པ་ཡོད་དགོས་པ་ཧ་ཅང་གལ་ཆེན་ཡིན་པའི་བཀའ་སློབ་ནན་མོ་གསུང་སོང་ལ། དེ་བཞིན་བོད་ཡིག་འདི་ཡང་རྒྱལ་ཁབ་དང་མི་རིགས་སུ་ཞིག་དང་འགྲན་ཡང་སྤོབས་པ་བྱེད་ཆོག་པ་ཞིག་ཡིན་པས་ཐམས་ཅད་ཀྱིས་ཧུར་བརྩོན་དགོས་པའི་ལམ་སྟོན་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་པ་རེད། མེ་སོར་གསར་འགོད་པས།