མང་ར་རྫོང་དུ་དགེ་འདུན་པས་ཁྲོམ་སྐོར།

    ཕྱི་ཚེས་༢༦ ཉིན་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲོམ་སྲང་དུ་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ཆུ་ཚོད་༢༨ ནང་ཚུད་དུ་ངོ་རྒོལ་བ་ཚོས་རང་འགུལ་གྱིས་མགོ་བཏགས་དང་ཉེས་པ་ངོས་ལེན་བྱེད་དུ་མ་ཡོང་ཚེ་ཁྲིམས་གཅོད་ནན་མོ་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག གཞན་ཡང་རྒྱ་ནག་གཞུང་ནས་དམག་མིའི་རླངས་འཁོར་ཆེ་བ་གསུམ་དང་སྤྱི་སྤྱོད་རླངས་འཁོར་གཉིས། གཞན་རླངས་འཁོར་ཆུང་བ་བཅུ་ལྷག་འབྱོར་དེ་མང་ར་རྫོང་གི་མཁར་གྲོང་དང་ཀླུ་ཚང་དགོན་པ་ཡོངས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང༌། ས་གནས་རྫོང་ཐོག་གི་གློག་ཀླད་ཁང་ཚང་མ་སྒོ་བརྒྱབ་ཅིང༌། ཁ་པར་སྐུད་ལམ་ཡོངས་བཅད་དེ། གཞུང་ལམ་དང་སྲང་ལམ་ཆེ་ཆུང་ཁག་གི་མིའི་འགྲོ་འོང་ལ་ཡང་བཀག་བསྡོམས་ནན་མོ་བྱས་ཡོད་འདུག ཉིན་དེའི་བོད་ནང་གི་ཆུ་ཚོད་༡༠ ཡས་མས་སུ་མང་ར་རྫོང་སྤྱི་བདེ་མངགས་གཏོང་ཁང་གི་ཉེན་རྟོག་པ་ཀླུ་ཚང་དགོན་དུ་ཡོང་སྟེ། དགེ་འདུན་པ་བཀྲ་ཤིས་རྒྱ་མཚོ་དང༌། འཇམ་དབྱངས་མཁྱེན་རབ། སྐལ་བཟང་རྒྱལ་མཚན་གསུམ་ཡང་འཛིན་བཟུང་གིས་མང་ར་རྫོང་ཐོག་ཏུ་ཁྲིད་ཡོད་འདུག
    གྲྭ་པ་གྲངས་༡༩༠ ཙམ་གྱི་མཚན་གཞུང་ཉེན་རྟོག་པས་བསྡུས་པའི་ནང་དུ། གྲྭ་པ་༧༠ ལ་རྡུང་རྡེག་དང་འདྲི་གཅོད་ནན་པོ་བྱས་ནས་གློད་གྲོལ་བཏང་ཡོད་ཀྱང༌། སླར་ཡང་ཕྱི་ཚེས་༦ ཉིན་གྲྭ་པ་བཅུ་གཅིག་མང་ར་རྫོང་དུ་འཛིན་བཟུང་བྱས་ནས་རྡུང་རྡེག་བཏང་ཡོད་པ་དང༌། ད་ལྟའི་གནས་སྟངས་ག་འདྲ་ཡོད་མེད་གསལ་པོ་མེད་པ་རེད་འདུག ས་གནས་ལས་བྱེད་ལ་ཡང་སྡིག་ར་བསྐུལ་ཡོད་པ་དང༌། ལས་འགུལ་བ་ཚོར་ལས་འགུལ་འདི་འདྲ་གཞོན་ནུ་ཚོགས་པའི་འཆར་གཞི་ཡིན་ལུགས་བརྗོད་དེ་རྡུང་རྡེག་བཏང་ཡོད་འདུག།