མཆོད་མེ་དྲ་རྒྱ་གཙོ་གཉེར་བྱེད་མཁན་འཛིན་བཟུང༌།

སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༦ ཉིན་རྨ་ཆུ་རྫོང་དངུལ་རྭ་ཞང་ཁུལ་སྐོར་སྡེ་བའི་གོ་བྷེ་ཚང་གི་ཚེ་འཕེལ་༼དཀོན་མཆོག་ཚེ་འཕེལ་༽ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇགས་མི་སྣ་ཟེར་བས་ཆབ་སྲིད་ཀྱི་དོགས་གཞིའི་འོག་གློ་བུར་འཛིན་བཟུང་གིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བཀག་ཉར་བྱས་ཡོད་པ་དང༌། ཁོ་པ་འཛིན་བཟུང་སྐབས་རང་ཁྱིམ་སྔོག་བཤེར་གྱིས་གློག་ཀླད་དང་དོགས་ཡོད་ཅ་དངོས་རིགས་ཕྲོགས་ཡོད་འདུག སྐུ་ཞབས་ཚེ་འཕེལ་ལགས་ཀྱིས་ཕྱི་ལོ་༢༠༠༥ ན་གཞོན་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་མཉམ་འགྲོ་གྲོན་སྒེར་གཏོང་གིས་མཆོད་མེ་བོད་ཀྱི་རྩོམ་རིགས་དྲ་བ་གསར་འཛུགས་བྱས་ཡོད་པ་དང༌། རྒྱ་གཞུང་གིས་ཕྱི་ལོ་༢༠༠༧།༢༠༠༨ གཉིས་ནང་ཐེངས་ཁ་ཤས་ལ་དྲ་རྒྱ་བཀག་བསྡོམས་བྱས་ཀྱང་དཀའ་ངལ་ལ་གདོང་ལེན་གྱིས་མུ་མཐུད་མཆོད་མེ་བོད་ཀྱི་རྩོམ་རིགས་དྲ་བའི་ལས་དོན་རྒྱུན་འཁྱོངས་བྱས་ཡོད་པ་རེད།།