༄༅། །ཆོལ་གསུམ་སྤུན་ཟླར་ཕུལ་བའི་སེམས་འཕྲིན། །

 

ལྐོག་གྱུར་དང་མངོན་སུམ་བར་དབྱེ་འབྱེད་མི་ཤེས་པའི་བོད་པ་ཚོ།

ངོ་མ་མགོ་བོ་མ་རྨོངས་སྤུན་ཟླ་ཚོ།

 

འདི་ནི་ཡིད་ཆེས་དང་བློས་ཁེལ་བྱེད་འོས་པའི་གནས་དུས་ཤིག་མིན་ཡ།

ང་ཚོའི་འོད་གསར་གྱི་ཉིན་མོ་མུན་ནག་གིས་བཅོམས།

ང་ཚོའི་གཏན་འདུན་གྱི་རེ་བཞག་མེ་སྒྱོགས་ཀྱིས་གཏོར།

ང་ཚོའི་དྭངས་གཙང་གི་སེམས་པ་གཡོ་ཟོལ་གྱིས་བསླད།

ང་ཚོའི་ཕ་མེས་ཀྱིས་བཞག་པའི་ཞབས་རྗེས་ཟབ་མོ་ཟུངས་ཁྲག་གིས་བསུབས།

ད་དུང་མགོ་བོ་མ་རྨོངས་གདོང་དམར་བ།

 

ས་ཡ་གཅིག་གི་ཟུངས་ཁྲག་གིས་བརླན་པའི་སྐར་ལྔའི་དར་དམར།

གཡོ་སྒྱུ་ཁྲམ་གསུམ་ལ་མངའ་དབང་འབྱོར་བའི་དམར་པོ་ལྟ་གྲུབ།

རེག་ཚོད་གསོན་པོ་རུ་ཁྱུར་མིད་བྱེད་པའི་དམར་པོའི་གདུག་རྩུབ།

ཐུབ་ཚད་ཧམ་ཤེད་ཀྱིས་རྔམས་ཟ་བྱེད་པའི་དམར་པོའི་སྲིད་གཞུང༌།

འདི་དག་ང་ཚོའི་མིན།

ལྐོག་གཡོ་དང་བསླུ་བྲིད་ལ་མགོ་བོ་མ་རྨོངས་ཆོལ་ཁ་གསུམ།

 

དྲོད་སྐྱིད་ཀྱིས་སེམས་ཁོངས་སྐྱོམ་པའི་ཕོ་བྲང་དམར་པོ།

གསོལ་འདེབས་དང་སྨོན་ལམ་དབྱངས་རྟར་བསྐྱོན་ཡུལ་གྱི་བསླུ་མེད་རྣམ་གསུམ།

འཇིག་རྟེན་ཡོངས་སུ་བདེ་དགའི་དཔལ་ཡོན་སྐྲུན་མཛད་ཀྱི་ཞི་བདེའི་དེད་དཔོན་ཆེན་པོ།

སྙིང་སྟོབས་དང་ལ་ཞེན་ཕྲག་ཏུ་འདེགས་པའི་ཆོལ་གསུམ་གྱི་སྤུན་ཟླ།

ལྷག་བསམ་དང་དྲང་བདེན་གྱི་འོ་དྲི་འཐུལ་བའི་དགའ་ལྡན་པོ་བྲང༌།

འདི་དག་གཞིས་བྱེས་ཁྲི་ཕྲག་གི་འདུན་པ་སློང་བྱེད་ཀྱིས་དྭངས་གཙང་གི་ཁྲག་རྒྱུན་ཡིན་ལ་བླ་སྲོག་ཀྱང་ཡིན།

འདི་དག་མེས་དབོན་རྣམ་གསུམ་གྱི་གངས་ལྗོངས་དང་སྦྲ་ནག་ལ་བཞག་པའི་མགོན་སྐྱོབས་ཡིན་ལ་དཔང་གཉེན་ཡང་ཡིན།

འདི་དག་བྱོན་ཟིན་པའི་ཡབ་མེས་གོང་མ་ཚོས་བསྐྲུན་པའི་དྲན་ཤིང་གི་རྡོ་རིང་ཡིན་ལ་རེ་སྨོན་གྱི་ཞིང་སའང་ཡིན།

ཤུལ་ལུས་ཀྱི་སྙིང་མཐུན་ཚོ།

མདོར་ན་འདི་དག་ང་ཚོའི་ཡོད་ཚད་ལས་གྲུབ་པའི་སེམས་ཁོངས་ཀྱི་འོད་ཐིག་དཀར་པོ།

ནམ་ཡང་དྲན་ངོར་ནས་མི་འབོར་རོགས། དུས་གཏན་དུ། ཇི་སྲིད་བར།

 

                                                                                      ༢༠༠༩་ཟླ་ ༣ ཚེས་༡ ཉིན་བོད་དུང་བས།