ཕ་ཡིས་བུ་མོར་བཙན་གཡེམ་བྱས་པར་ཁྲིམས་ཆད།

    དེ་ཡང་ད་ལྟ་རང་ལོ་ ༧༣ ལ་སོན་པ་ཇཱོ་སི་ཕ྄ྷི་རལ་ཟེར་བ་ཞིག་གིས་རང་ཉིད་ལ་བཟའ་ཟླ་ཡོད་བཞིན་དུ། རང་གི་ཤ་ལས་སྐྱེས་པའི་བུ་མོ་གསང་བའི་ཐོག་ནས་མི་ལོ་ ༢༤ རིང་ས་འོག་ཁང་ཆུང་གི་ནང་གསང་ཉར་བྱས་ཡོད་པ་དང༌། ལོ་སྔོན་མའི་ཕྱི་ཟླ་ ༤ པའི་ནང་གསང་བ་དེ་ཐོག་མ་ཤོར་ནས་ཁྲིམས་གཏུགས་འགའ་བྱས་ཡོད་ཀྱང༌། མངོན་གསལ་གྱི་དཔང་རྟགས་གསལ་པོ་མེད་པའི་རྐྱེན་གྱིས་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད་འདུག ཟླ་འདི་ཚེས་ ༡༦ ནས་འགོ་འཛུགས་ཀྱིས་ཉིན་གྲངས་ ༣ རིང་ཁྲིམས་གཏུག་བྱེད་སྐབས་བུ་མོས། ཕ་ཡིས་མི་ལོ་ ༢༤ རིང་ལ་ཇི་ལྟར་མནར་གཅོད་བཏང་ཡོད་མེད་སོགས་དཔང་རྟགས་དང་བཅས་རེ་རེ་བཞིན་བརྗོད་པས། ཕས་ཀྱང་ཁྲིམས་ཁང་ནང་ཐབས་ཤེས་རྫོགས་ཏེ་ངས་ནོར་འཁྲུལ་ངོས་ལེན་བྱེད་ཀྱི་ཡིན་ཞེས་ཁྲིམས་གཏུགས་ཕྱིར་བསྡུ་བྱས་ཡོད་པ་རེད།
    ཁྲིམས་ཁང་ནས་བཀའ་རྒྱ་གསལ་བསྒྲགས་བྱས་སྐབས་འདི་ལྟར་འཁོད་ཡོད་པ་རེད། དེ་ཡང་ཕ་ཇཱོ་སིས་རང་གི་བུ་མོ་ལ་གསང་བའི་ཐོག་ནས་བཙན་གྱིས་འདོད་པ་སྤྱད་པ་དེ་ནི་བཙན་གཡེམ་གྱི་གྱོད་གཞི་ཡིན་པ་ཐག་གཅོད་ཟིན་ཞིང༌། མི་ལོ་ ༢༤ རིང་བུ་མོར་ཁྱོན་བསྡོམས་ཕྲུ་གུ་ ༧ སྐྱེས་ཡོད་ཅིང་ཕྱི་ལོ་ ༡༩༩༦ བུ་མཚེས་མ་སྐྱེས་ནས། བུ་ ༡ གཅིག་གི་གནས་སྟངས་རྒྱུན་ལྡན་མིན་པ་དེ་ཕས་ཤེས་བཞིན་དུ་གསང་བ་ཕྱིར་ཤོར་ལ་འཇིགས་ཏེ། སྨན་གྱི་མཐུན་རྐྱེན་སོགས་འཐུས་ཚང་གང་ཡང་སྦྱར་མེད་པས་མཐར་བུ་དེ་ཤི་ཤོར་བའི་རྐྱེན་གྱིས། ཁྲིམས་ཐོག་ནས་ཕས་བུ་བསད་པའི་ནག་ཉེས་སུ་བརྩིས་ཏེ་མི་གསོད་ཀྱི་གྱོད་གཞི་ལ་ཐག་གཅོད་རྒྱུ་དང༌། མི་ལོ་དེ་དག་གི་རིང་ལ་བུ་མོ་ཕྱི་རོལ་དུ་འདོད་པ་གང་ཡོད་བྱས་ནས་འགྲོ་རུ་མ་བཅུག་པའི་རྐྱེན་གྱིས་བུ་མོ་བྲན་གཡོག་ལ་ཉར་བའི་ཁྲིམས་འགལ་གྱི་གྱོད་གཞི་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་རེད།
    བུ་མོ་དང་ཕའི་དབར་ཕྲུགུ་ ༦ ཡོད་པ་དེ་ ༣ ཕ་ཡི་ཁྲིམས་མཐུན་གྱི་བཟའ་ཟླ་དང་ནང་མི་བྱིངས་ཡོད་སར་འཚར་ལོངས་བྱུང་ཡོད་ཅིང༌། ཕྲུ་གུ་གཞན་ ༣ ནི་ས་འོག་ཏུ་ཡོད་པའི་གསང་ཉར་ཁང་པའི་ནང་འཚར་ལོངས་བྱས་ཡོད་པ་དང༌། གསང་བ་འདི་ཕྱི་རོལ་དུ་གྱར་བའི་རྒྱུ་རྐྱེན་གཙོ་བོ་ནི་ཕྲུ་གུ་ ༡ གི་གཟུགས་གཞི་ལ་དཀའ་ངལ་བྱུང་སྟེ་སྨན་ཁང་དུ་བརྟགས་དཔྱད་བྱེད་སར་སོང་སྐབས། སྨན་པ་རྣམས་ཀྱིས་རྒྱུན་ལྡན་མ་ཡིན་པའི་ཁོར་ཡུག་ཤིག་གི་ནང་འཚར་ལོངས་བྱུང་བར་དོགས་ཏེ། རིམ་གྱིས་གསང་བ་དེ་མངོན་གསལ་ཅན་ཆགས་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
    ཞིབ་འཇུག་སྡེ་ཚན་གྱི་བརྟགས་དཔྱད་དང་གསང་ཉར་བྱས་པའི་བུ་མོའི་སྙན་ཞུ། ཕ་ཡི་ངོས་ལེན་སོགས་ལ་བརྟེན་ནས། ཨོ་སི་ཏྲོན་དབུས་གཞུང་གི་ཁྲིམས་ཐོག་ནས་བུ་མོའི་ཕ་ཇཱོ་སི་ལ་བཙན་གཡེམ་དང་བྲན་གཡོག་ལ་ཉར་བའི་ནག་ཉེས་སུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།།