ཁ་ཆེའི་ལྷ་ཁང་དུ་འབར་རྫས་གས་འཐོར།

    ཁ་ཆེའི་ལྷ་ཁང་ཞིག་ཏུ་མི་འབོར་བརྒྱ་ཕྲག་མང་པོས་སྨོན་ལམ་གྱེར་འདོན་འགོ་བཙུགས་པ་དང༌། ལྷ་ཁང་དུ་མཆོད་འབུལ་ལ་འབྱོར་བསྡད་པའི་མི་གཅིག་གིས་གློ་བུར་དུ་རང་སྲོག་བློས་བཏང་གི་ཐོག་ནས་འབར་རྫས་གས་གཏོར་བཏང་བ་དང་མཉམ་དུ་ལྷ་ཁང་ཡང་རྩ་མེད་བཏང་ཡོད་པ་རེད། ཤུལ་དུ་ཞིབ་འཇུག་བྱེད་སྐབས་ལྷག་ཡོད་པ་ནི་ཕྱི་ལོག་ཏུ་ཡོད་པའི་ལྷམ་དང་སྨོན་ལམ་སྐབས་ཀྱི་ཞྭ་མོ་དཀར་པོ་གཉིས་ལས་གཞན་གང་ཡང་མི་འདུག་ཅེས་བརྗོད་ཡོད་པ་རེད། ཡང་གསར་འགོད་པ་འགའ་རེས་ལྷ་ཁང་གི་མདུན་དུ་འགྲུལ་སྐྱེལ་རླངས་འཁོར་ཆུང་ཆུང་ཞིག་བཞག་འདུག་པ་དེ་ནས་འབར་རྫས་གས་འཐོར་གྱིས། ལྷ་ཁང་དུ་འཛོམས་ཡོད་པའི་མི་མང་ལ་དྲག་གནོན་བྱས་སོང་ཞེས་བརྗོད་ཡོད་པ་རེད།
    པཱ་ཀི་སི་ཐན་གཞུང་གིས་འབར་རྫས་གས་འཐོར་གྱི་འབྱུང་རྐྱེན་ནི་ཏ་ལིན་བྷན་འཇིགས་སྐུལ་རིང་ལུགས་པ་ཡིན་པས། པཱ་ཀི་སི་ཐན་དང་ཨབ་གྷ་ནི་སི་ཐན་གཉིས་ཀྱི་ས་མཚམས་གནས་སྐབས་རིང་སྒོ་བརྒྱབ་སྟེ། པཱ་ཀི་སི་ཐན་གྱི་གཞུང་དམག་དང༌། ཨབ་གྷ་ནི་སི་ཐན་ནང་ཡོད་པའི་ཨ་རིའི་དམག་དཔུང་གཉིས་ཟླ་བསྒྲིལ་ནས། ཏ་ལིན་བྷན་འཇིགས་སྐུལ་རིང་ལུགས་པ་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་པ་དང༌། ཨ་རིའི་སྲིད་འཛིན་ཨོ་བྷ་མས་པཱ་ཀི་སི་ཐན་གྱི་ས་ཁུལ་ཁག་ཏུ་ཏ་ལིན་བྷན་འཇིགས་སྐུལ་རིང་ལུགས་པ་ཧ་ཅང་འཐུས་ཚང་ངང་གནས་ཡོད་པས། ནམ་ཞིག་འདིའི་རྩ་བ་བརྟན་པོ་བཙུགས་ན་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆེ་བས། ད་ཡོད་ཨ་རིའི་དམག་དཔུང་ཐོག་དམག་གྲངས་༤༠༠༠  ཁ་སྣོན་རྒྱག་རྒྱུ་དང༌། པཱ་ཀི་སི་ཐན་གཞུང་ལ་ཨ་སྒོར་ས་ཡ་༡༠ ཙམ་གྱི་རོགས་རམ་བྱས་ཏེ་འཇིགས་སྐུལ་རིང་ལུགས་པའི་རྩ་བ་མེད་པ་བཟོ་དགོས་པའི་སྐུལ་མ་བཏང་ཡོད་པ་རེད།
    སྤྱིའི་ཆ་ནས་ཨ་རིའི་དམངས་གཙོ་ཚོགས་པའི་འཛིན་སྐྱོང་ངོས་ནས་ཨི་རག་དང༌། ཨབ་གྷ་ནི་སི་ཐན་སོགས་སུ་ཡོད་པའི་ཨ་རིའི་དམག་དཔུང་རྣམས་གང་མགྱོགས་ཕྱིར་འཐེན་བྱེད་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད་ནའང༌། དེང་སྐབས་ས་ཁུལ་དེ་དག་ཏུ་འཇིགས་སྐུལ་རིང་ལུགས་ཀྱི་དྲག་སྤྱོད་མང་དུ་འགྲོ་བཞིན་ཡོད་པས། ལུང་པ་དེ་དག་གི་བདེ་འཇགས་དང་མི་མང་གི་ཚེ་སྲོག་སྲུང་སྐྱོབ་ཆེད་དམག་དཔུང་འདངས་ངེས་ཤིག་དགོས་སྐོར། ཨ་རིའི་སྲིད་འཛིན་ཨོ་བྷ་མས་གསུངས་ཡོད་པ་རེད།
    གསར་འགྱུར་དབྱེ་ཞིབ་པ་ཚོས། ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤི་དང་སྲིད་འཛིན་ལས་ཐོག་པ་ཨོ་བྷ་མ་གཉིས་ཀྱིས། ཁ་ཆེའི་རྒྱལ་ཁབ་ཁག་ལ་དམག་དཔུང་གཏོང་སྐབས་རྒྱུ་མཚན་མང་པོ་བགྲང་གི་ཡོད་ལ། སྲིད་འཛིན་བྷུས་ཤིས་ཁ་ཆེའི་རྒྱལ་ཁབ་དེ་དག་མང་གཙོ་ཅན་དུ་བསྒྱུར་རྒྱུར་དམིགས་ནས་ཡིན་ཚུལ་གསུངས་ཡོད་པ་དང༌། སྲིད་འཛིན་ཨོ་བྷ་མས་རྒྱལ་ཁབ་དེ་དག་ལ་བདེ་འཇགས་དགོས་ཚུལ་གསུངས་ནས་གཏོང་གི་ཡོད་པས། གང་ལྟར་འཇིགས་སྐུལ་རིང་ལུགས་ཀྱི་རྩ་བ་རྒྱས་ན་ཨ་རིའི་བདེ་འཇགས་དང་དཔལ་འབྱོར་གཉིས་ཀར་དཀའ་ངལ་འཕྲད་རྒྱུ་ཡིན་པས་མ་ཚད། འཛམ་གླིང་གི་བདེ་འཇགས་ལའང་དཀའ་ངལ་དང་ཉེན་ཁ་ཡོད་ཚུལ་བསར་ལམ་ཁག་ནས་ཁྱབ་སྤེལ་བཏང་ཡོད་པ་རེད།