ཉི་ཧོང་གིས་བྱང་ཀོ་རི་ཡར་རྒོལ་ལན་བྱེད་རྒྱུ་ཡིན་ཟེར།
མེ་ཤུགས་འཕུར་མདའ་ཚོད་ལྟའི་གནས་ཚུལ་འདི་རྒྱ་ནག་དང་འབྲེལ་བ་ཡོད་སྲིད་པའི་བསམ་ཚུལ་ཤོད་མཁན་བྱུང་ཡོད་པ་དང༌། རྒྱུ་མཚན་ནི་བྱང་ཀོ་རི་ཡ་གཞུང་གིས་དཔོན་རིགས་ཚོ་ལུང་པ་གཞན་ལ་རྟོག་ཞིབ་དང༌། གྲོས་བསྡུར་སོགས་ཀྱི་ཆེད་དུ་འགྲོ་རྒྱུར་བཀག་བསྡོམས་བྱེད་བཞིན་པ་ཡིན་རུང༌། ཟླ་འདིའི་ཚེས་༡༨ ཉིན་བྱང་ཀོ་རི་ཡའི་དཔོན་རིགས་ཁག་ཅིག་རྒྱ་ནག་དམར་གཞུང་དང་བྱང་ཀོ་རི་ཡ་གཉིས་དབར་འབྲེལ་ལམ་བཙུགས་ནས་མི་ལོ་༦༠ འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་དུ་རྒྱ་ནག་གཞུང་གིས་མགྲོན་འབོད་བྱས་ཏེ། ཕྱོགས་གཉིས་ཀས་དཔལ་འབྱོར་གཙོ་བོར་གྱུར་པའི་ཚན་རིག་ལག་རྩལ་དང་དམག་དོན་སྟོབས་ཤུགས་སོགས་ཀྱི་འབྲེལ་ལམ་རྒྱུན་སྐྱོང་བྱེད་དགོས་པའི་གྲོས་མོལ་བྱས་ཡོད་པ་རེད།
ཨ་རིའི་རྒྱལ་དོན་དྲུང་ཆེ་རྒྱ་ནག་ཏུ་ཕེབས་སྐབས་རྒྱ་ནག་དམར་ཕྱོགས་ཚོགས་པས་རྒྱལ་ཁབ་༦ ལས་གྲུབ་པའི་ལྷན་ཚོགས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་ལ་གྲོས་མོལ་དགོས་ཚུལ་དང༌། བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་དེ་འཛམ་བུ་གླིང་ལ་ཉེན་ཁ་ཆེ་རབས་སོགས་མང་པོ་བརྗོད་ཡོད་རུང༌། དོན་དངོས་ཐོག་བྱང་ཀོ་རི་ཡ་དང་པཱ་ཀི་སི་ཐན། འབར་མའི་དམག་གཞུང༌། ཨི་རན་གྱི་རྡུལ་ཕྲན་བཟོ་སྐྲུན་སོགས་ལ་རྒྱ་ནག་གི་གསང་བའི་ཐོག་ནས་རོགས་རམ་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་པོ་ཐོན་མྱོང་ཡོད་པ་དང༌། དེ་རིང་གི་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་ཚོད་ལྟའི་ལས་འཆར་འདི་ལ་ཨ་རི་དང་ལྷོ་ཀོ་རི་ཡ། ཉི་ཧོང༌། ཨུ་རུ་སུ། མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་ཇི་ཙམ་ཉེན་བརྡ་བཏང་ཡོད་རུང་ད་ལྟའི་བར་འགྱུར་བ་ཆེན་པོ་ཞིག་འགྲོ་ཐུབ་མེད་པ་རེད། མེ་ཤུགས་འཕུར་མདའི་ཚོད་ལྟའི་ཁ་ཕྱོགས་ཅུང་ཙམ་འཁྱོག་ན་ཉི་ཧོང་གི་ས་ཁུལ་ཞིག་ལ་གས་འཐོར་གྱི་ཉེན་ཁ་ཆེ་བས། ཉི་ཧོང་དང་ཨ་རི་ལྷོ་ཀོ་རི་ཡ་གསུམ་གྱི་ཆེས་མཐོའི་བཟོ་སྐྲུན་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་འདུ་འཛོམས་བྱས་ཏེ། གང་མགྱོགས་བྱང་ཀོ་རི་ཡའི་རྡུལ་ཕྲན་ཚོད་ལྟའི་གནད་དོན་དེ་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་བསྟུན་དགོས་པའི་གྲོས་གཞི་འཇོག་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།