བདག་ལ་ཐོག་མ་ཡོད་མེད་སྐོར།

། བར་གྱི་ཁུག་པ་བཅོ་བརྒྱད་ནི་ཚེ་ལོ་བརྒྱད་ཁྲི་བར་ཡར་འཕར་བ་དང༌། ཡང་ཚེ་ལོ་བཅུ་པ་ལ་ཕྱིན། ཡང་ཚེ་ལོ་བརྒྱད་ཁྲི་བར་དུ་འཕར་ཞེས་པ་དེ་ཚོ་ཏག་ཏག་ཡིན་མིན་མི་ཤེས། ཏོག་ཙམ་བཤད་ཁག་པོ་རེད་འདུག སྤྱིར་མངོན་པ་ནས་གསུངས་པའི་རི་རབ་དང་གླིང་གཞི་གླིང་ཕྲན་ཟེར་བ་དེ་ཚོ་ཁག་པོ་ཞེ་དྲག་རེད། སྒྲ་ཇི་བཞིན་དུ་ཁས་བླངས་ན་མངོན་སུམ་ལ་བསྙོན་དགོས་པ་རེད། ཁག་པོ་ཞེ་དྲག་རེད། ནང་པའི་གཞུང་གི་ཚད་མའི་གཞུང་དབུ་ཚད་སེང་གེ་འཇིང་བསྣོལ་ཞེས་ད་གིན་ངས་ལབ་པ་ནང་བཞིན་དེའི་འགྲོ་སྟངས་བཞིན་བྱས་པ་ཡིན་ན། མངོན་སུམ་ལ་བསྙོན་དགོས་བྱུང་ན་རྗེ་རིན་པོ་ཆེའི་ལེགས་བཤད་སྙིང་པོའི་ནང་དུ་གསུངས་པ་བཞིན། རིག་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་ན་སྨྲ་བ་པོ་ཚད་མའི་སྐྱེས་བུ་མི་རུང་བའི་ཕྱིར་རོ་ཞེས་གསུངས་པ་རེད། རིག་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་ན་སྨྲ་བ་པོ་ཚད་མའི་སྐྱེས་བུ་མི་རུང་བ་ཡིན་ན། མངོན་སུམ་ལ་བསྙོན་དགོས་པའི་གྲུབ་མཐའ་ཁས་བླངས་ན་ཚད་མའི་སྐྱེས་བུ་ཡོང་ཤེས་ཀྱི་མ་རེད་པཱ།
    དེར་བརྟེན་ཡ་ཐོག་རིང་པོ་དང་མ་ཐོག་རིང་པོ་ཞེས་བཤད་བསྡད་པ་དེ་ཚོ་ཏོག་ཙམ་ཁག་པོ་རེད། ང་རང་ཚོས་འདས་པའི་སངས་རྒྱས་མར་མེ་མཛད་དང་འོད་སྲུང་ཞེས་གསུང་བསྡད་པ་དེ་ཚོ་ཚེ་ལོ་དྲུག་ཁྲི་དང༌། ཚེ་ལོ་བཞི་ཁྲི་ཞེས་པ་དེ་ཚོའི་གྲས་དེ་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག  སྟོན་པ་ཤཱཀྱ་ཐུབ་པ་རྣམ་འདྲེན་བཞི་པ་མ་རེད་ཅེས་ལབ་དགོས་བྱུང་ན་ཁག་པོ་རེད་པཱ། དེ་ང་ཚོས་ཁུངས་སྐྱེལ་དགོས་ཀྱི་ཡོད་རེད། གཞན་འགྲོ་བ་མིའི་རིགས་ཆགས་སྟངས་དེ་དག་འབྱུང་བ་ལྔ་ལ་བརྟེན་ནས་ཡོང་བ་དང༌། འབྱུང་བའི་འཕེལ་འགྲིབ་ལ་བརྟེན་ནས་ཡོང་བ་རེད། དགྲ་ལྷའི་གསོལ་ཁའི་དཔེ་ཆའི་ནང་དུ་ནམ་མཁའ་སྟོང་པའི་དབྱིངས་ཤེད་ན། རླུང་གི་རྡོ་རྗེའི་རྒྱ་གྲམ་ཆགས་ཞེས་པ་བཞིན་ཡིན་པའི་བཟོ་འདྲ་པོ་རེད། རྡོ་རྗེའི་རྒྱ་གྲམ་གང་ཤེས་ཏེ་སྤྱིར་བཏང་འབྱུང་བ་རླུང་གི་གཡོ་བ་ དེ་ལ་བརྟེན་ནས་འབྱུང་བ་མེ་ཡི་དཀྱིལ་འཁོར། བློ་ཡི་གཡོ་བ་ཤུགས་ཆེན་པོ་སླེབས་ཡོང་དུས། དྲོད་སླེབས་ཡོང་གི་རེད་པཱ། བྱས་ཙང་དེ་ལ་བརྟེན་ནས་འབྱུང་བ་མེ་ཡི་དཀྱིལ་འཁོར། མེ་སླེབས་པའི་རྗེས་རང་བཞིན་གྱིས་ཟིལ་པ་དང་རླན་སླེབས་ཀྱི་ཡོད་པ་རེད། དེ་ལ་བརྟེན་ནས་ཆུ་ཡི་སྙིང་པོ་ལན་ཚྭ་ཞེས་བཤད་པ་ནང་བཞིན་ག་ལེར་ག་ལེར་སྲ་ཞིང་མཁྲེགས་པའི་ས་ག་ལེར་ཡོང་གི་ཡོད་པ་རེད། དེ་ཡག་པོ་འདུག་གཱ དེ་ཚོ་ང་ཚོའི་དཔེ་ཆའི་ནང་དཀའ་ལས་བརྒྱབ་ནས་གཅིག་བཤད་བཞག་པ་དེ་ཁ་ཤས་ཁུངས་འཁྱོལ་གྱི་ཡོད་རེད། ཁ་ཤས་ཁུངས་འཁྱོལ་གྱི་ཡོད་མ་རེད།
    གང་ལྟར་ད་ལྟ་ང་ཚོའི་ལུས་དེའི་ཉེར་ལེན་གྱི་རྒྱུ་བརྩད་བཅད་པ་ཡིན་ན། ཕ་མའི་ཁུ་ཁྲག དེའི་ཕ་མའི་ཁུ་ཁྲག་དེ་ལྟར་ལོ་འབུམ་དང་ས་ཡ་དུང་ཕྱུར་ལ་ཡར་འདེད་ཡོང་དུས་ཐོག་མར་སྲོག་ཆགས་ཕྲ་མོའི་ལུས་དེ་རེད་འདུག་གཱ དེ་དག་དུས་འཁོར་གྱི་གཞུང་ནང་ལ་མཁའི་རྡུལ་ཞེས་པ་ཞིག་ཡོད་རེད། ཕལ་ཆེར་དེ་རེད་འདུག འཇིག་རྟེན་འདི་ཐོག་མར་ཆགས་ཡོང་དུས་དེང་སང་འཛམ་བུ་གླིང་ལ་ཡོངས་གྲགས་རེད།  འབར་གས་ཆེན་པོ་ཞིག་བྱུང་ནས་ད་ལྟའི་སྐར་ཚོགས་གྲངས་མེད་པ་ཚང་མ་འབར་གས་ཆེན་པོ་གཅིག་ལས་བྱུང་བ་རེད་ཟེར་གྱི་འདུག་གཱ རྦད་དེ་ཐག་ཆོད་ཀྱི་ཡོད་མེད་མི་ཤེས་ཏེ་ཡོངས་གྲགས་དེ་ལྟར་རེད།   འབར་གས་ཆེན་པོ་གཅིག་ལས་བྱུང་བ་རེད་ཟེར་བ་དེ་ཁག་པོ་རེད། རིག་པས་དཔྱད་ན་སྟོབས་ཤུགས་ཆེན་པོ་ཞིག་གིས་བཙིར་ནས་འབར་གས་བྱུང་བ་རེད་པཱ། ཤུགས་ཀྱིས་བཙིར་བ་དེ་རྒྱུ་དང་རྐྱེན་ལས་བྱུང་བ་གསལ་པོ་རེད། འཇིག་རྟེན་སྔ་མ་ཞིག་ཡོད་དགོས་པ་རེད། ནང་གི་འོད་ཟེར་ལྟ་བུ་ཡོད་མེད་མི་ཤེས་ཏེ་ཕྱིའི་རྫས་རགས་པ་དེ་དག་ཆུང་དུ་ཕྱིན་ནས་དཔེར་ན། རྒྱུད་བླ་མའི་ནང་དུ་ཡོད་པ་བཞིན་ས་ཆུ་མེ་རླུང་ནམ་མཁའ་ཞེས་དང༌། ཡང་ནམ་མཁའ་ནས་རླུང་མེ་ཆུ་ས་ཞེས་ཚུར་སྐྱེ་ཡི་ཡོད་པ་དུས་འཁོར་ནང་ལའང་ཡོད་རེད། ས་ཆུ་མེ་རླུང་ནམ་མཁའ་ཞེས་དེ་དག་སྔ་མའི་གཟུགས་ཅན་རྣམས་ཕྲ་ནས་ཕྲ་རུ་ཕྱིན་པའི་ཕྲ་བ་མཐར་ཐུག་གི་སྒང་ལ་སླེབས་ནས་དེས་སྟོབས་ཤུགས་ཞེ་དྲག་བསགས་ཡོང་གི་ཡོད་ཀྱི་རེད་པཱ། སྟོབས་ཤུགས་བསགས་པ་དེར་རྐྱེན་ཞིག་བྱུང་ནས་འབར་གས་འབྱུང་གི་ཡོད་པ་རེད།
    དེར་བརྟེན་ད་ལྟའི་ལུས་ཀྱི་ཉེར་ལེན་ཕྲ་མོའི་སྒང་ལ་ཐུག་ཡོང་དུས་ཐོག་མར་འཇིག་རྟེན་ཆགས་པའི་གནས་སྐབས་ཀྱི་རྡུལ་ཕྲ་རབ་དེ་དག་ལ་ཐུག་པ་ཞིག་ཕལ་ཆེར་རེད། ཡང་དེ་འཕེལ་རྒྱས་ཡོང་སྲིད་ཀྱི་རེད༌། ང་རང་ཚོ་ཐོག་མར་ཕ་མའི་ཁུ་ཁྲག་ཆུང་ཆུང་དེ་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས་ལུས་དེ་ཆགས་པ་རེད། དེ་བཞིན་ཕྱིའི་གཟུགས་ཅན་དེ་ཚོ་ལའང་རྡུལ་ཕྲན་ཆུང་ཆུང་གི་རྐྱེན་འཚོགས་ཡོང་དུས་འཕེལ་རྒྱས་ཕྱིན་ནས། རྣམ་འགྱུར་མི་འདྲ་བ་དང་དབྱིབས་དང་ཁ་དོག་མི་འདྲ་བ་ཡོང་གི་རེད་པཱ། རྩ་བ་གཟུགས་ཅན་གྱི་ཆོས་ཤིག་ཡིན་ན་དེའི་ཉེར་ལེན་གྱི་རྒྱུ་གཟུགས་ཅན་གྱི་ཆོས་ཤིག་གི་རྫས་རྒྱུན་མེད་པར་ཡོང་ཤེས་པ་ཡོད་མ་རེད། དེར་བརྟེན་ང་ཚོའི་ལུས་ཀྱི་གཟུགས་རྡུལ་ཕྲ་མོའི་སྒང་ལ་ཕྱིན་པ་ཡིན་ན་དེའི་རྒྱུན་ཕལ་ཆེར་འཇོག་ཐུབ་རྒྱུ་ཁག་པོ་རེད། དེའི་རྫས་རྒྱུན་ཐོག་མ་འཇོག་དགོས་ན་ཁག་པོ་ཞེ་དྲག་རེད། ད་ལྟ་ང་ཚོས་བཤད་བསྡད་པའི་སེམས་རྟེན་གྱི་ཕུང་པོ། སེམས་རྟེན་གྱི་གཟུགས་ཅན་གྱི་ཆོས་དེའི་རྫས་རྒྱུན་རྩིས་པ་ཡིན་ན། སེམས་མེད་བེམ་པོའི་རྫས་རྒྱུན་ཞིག་ནས་ཡོང་གི་འདུག་གཱ སེམས་མེད་བེམ་པོའི་གནས་སྐབས་ལ་སེམས་ལྡན་མ་རེད་པཱ།   སེམས་ཅན་གྱི་ལུས་མ་རེད་པཱ། ནམ་ཞིག་རྣམ་ཤེས་ཀྱིས་བརྟེན་བྱས་ནས་རྣམ་ཤེས་དང་འབྲེལ་ཡོང་དུས་སེམས་ལྡན་གྱི་གཟུགས་ཅན་ཆགས་པ་རེད། དེ་ནས་སེམས་ཅན་ཟེར་བ་དེ་ཆགས་པ་རེད། གང་ཟག་གི་ལུས་ཆགས་པ་རེད། ལུས་ཁོ་རང་ཐོག་མ་མེད་པ་ནས་སེམས་ལྡན་གྱི་རྫས་རྒྱུན་ཡིན་དགོས་ཀྱི་མི་འདུག་གཱ དཔེར་ན། ཕ་མའི་ཁུ་ཁྲག་རྐྱང་རྐྱང་དེ་སེམས་མེད་རེད་པཱ། དེ་ལ་རྣམ་པར་ཤེས་པ་འདུས་པ་ལ་བརྟེན་ནས་སེམས་ལྡན་གྱི་ཆོས་ཆགས་པ་རེད། བྱས་ཙང་ཐོག་མ་དེད་ཕྱིན་པ་ཡིན་ན་ཡང་ལུས་ཀྱི་སྒང་ལ་ཕལ་ཆེར་དེ་འདྲ་རེད།
    གང་དང་ལྡན་ན་སེམས་ཅན་དང་གང་དང་མི་ལྡན་ན་སེམས་མེད་བེམ་པོ་རེད་ཅེས་པ་དེ། རྣམ་པར་ཤེས་པའི་སྒང་ལ་བསམ་བློ་གཏོང་རྒྱུ་རེད། སྤྱིར་བཏང་རྣམ་པར་ཤེས་པ་ལ་ང་རང་ཚོའི་ཤེས་པ་དང༌། རྟ་དང་ཁྱི་སོགས་ལ་ཡོད་པའི་ཤེས་པ་ལ་ཕྲ་རགས་འདུག་གཱ སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་པ་རེད། ངའོ་སྙམ་པའི་བློ་ཞིག་སྐྱེ་ཡི་ཡོད་པ་གཅིག་པ་རེད།  དུད་འགྲོ་ཚོ་ལ་ཆ་བཞག་ནའང་ཕྲ་རུ་ཕྲ་རུ་ཕྱིན་པ་ཡིན་ན། བདག་ཏུ་འདུ་ཤེས་པ་ཡོད་རེད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཕལ་ཆེར་ཡོད་རེད། བདག་འཚོ་བའི་འདུ་ཤེས་ཡོད་པ་གཅིག་པ་རེད་འདུག དཔྱད་པ་བྱེད་པའི་ཀླད་པ་དེ་མི་ཆེ་བ་ཡོད་རེད། སྤྱིར་དབང་པོའི་ཤེས་པའི་ནུས་པ་དེ་ཕལ་ཆེར་དུད་འགྲོ་ཚོ་ཆེ་བ་ལྟ་བུ་ཡོད་རེད། ཁྱི་དང་རི་དྭགས་དེ་ཚོས་ཐག་རིང་པོ་ནས་དྲི་ཚོར་ཐུབ་པ་དེ་མི་ལས་དབང་པོའི་ནུས་པ་ཕལ་ཆེར་ཆེ་བ་ཡོད་རེད།
    བྱས་ཙང་ངས་ཚན་རིག་པ་ཚོ་ལ་འདྲི་ཡི་ཡོད། དུག་སྦྲང་ལ་བཀའ་དྲིན་རྗེས་དྲན་གྱི་བསམ་བློ་ཡོད་པའི་བཟོ་འདྲ་ཞིག་མི་འདུག གཞན་ཁྱི་དང་ཞི་མེ་ལ་ལྟོ་ཆས་སྤྲད་ནས་བྱམས་པོ་བྱས་པ་ཡིན་ན་བཀའ་དྲིན་རྗེས་དྲན་ལྟ་བུ་ཁྱིས་མཇུག་མ་གཡུག་གི་རེད། ལྕེ་ལྡག་རྒྱག་གི་རེད། ཞི་མེ་ཡིན་ན་སྐད་རྒྱག་ནས་དགའ་པོ་ཞེ་དྲག་བྱེད་ཀྱི་རེད། བྱ་དང་བྱིའུ་ལ་ལྟོ་ཆས་སྤྲད་པ་ཡིན་ནའང་འགུ་བའི་རྣམ་འགྱུར་འདྲ་པོ་བསྟན་རྒྱུ་ཡོད་པ་ཞིག་རེད། དུག་སྦྲང་གིས་ཁྲག་འཇེབས་ནས་གྲོད་ཁོག་ཁེངས་པའི་རྗེས་སུ་ལྦུ་བ་ལྟ་བུ་ཞིག་བཏང་ནས་འཕུར་འགྲོ་ཡི་འདུག་གཱ དེ་ལ་བཀའ་དྲིན་རྗེས་དྲན་གྱི་བཟོ་འདྲ་པོ་གང་ཡང་མི་འདུག དེ་དུག་སྦྲང་སྡུག་དྲགས་པ་མ་རེད། ཀླད་པའི་ནུས་པ་དཔེར་ན། བཀའ་དྲིན་རྗེས་དྲན་གྱི་བསམ་བློ་འཁོར་བའི་ནུས་པ་མེད་པ་རེད། སྲོག་ཆགས་ཕྲ་མོའི་རིགས་ལ་རང་འཚོ་བའི་བསམ་བློ་གཅིག་པུ་མ་གཏོགས་གཞན་བརྩེ་བ་དང་ཕྲག་དོག་ཟེར་བ་ཕལ་ཆེར་ཡོད་མ་རེད། གཞན་གྱིས་བཟང་པོ་བྱས་ན་བྱས་པ་གཟོ་བའི་བློ་ཕལ་ཆེར་ཡོད་མ་རེད། སྲོག་ཆགས་རིགས་ག་ཚད་ཅིག་ནས་དྲིན་དྲན་པའི་བློ་དེ་ཡོང་གི་ཡོད་ན། བྱས་ཙང་དེ་ཚོའི་གྲས་དེ་ཀླད་པ་ཆེ་ཆུང་ལ་བརྟེན་ནས་ཁྱད་པར་ཡོང་གི་འདུག་གཱ  
འཕྲོས་འདོན་ཐེངས་རྗེས་མར་གཟིགས།