གངས་ལྗོངས་ལ་ཕུལ་བའི་ཆོད་སེམས་གསོན་པོ།
དྲག་རླུང་དང་ཐལ་རྡུལ་ཇི་ལྟར་འཚུབ་ཀྱང༌།
ཚ་རླབས་དང་དྲོད་ཚད་ཅི་ཙམ་ལྡང་ཡང༌།
གཡོ་ཟོལ་དང་ཧམ་ཤེད་ཇི་ལྟར་ཆེ་ཡང༌།
མི་སྒྱོགས་དང་འཕུར་མདེར་གྱི་རྣོ་དཔར་ཅི་ཙམ་བཙན་ཡང༌།
ཁྱེད་ཀྱི་གཟི་བྱིན་ལ་ཉམས་པ་མེད་ལ།
མག་མོག་གི་མཚམས་སྤྲིན་གསེབ་ན་ཀྱེ་ཀྱི་ཡོད་ཚད་འོད་དུ་འཚེར།
ཨེ་མ། གངས་ལྗོངས་ལགས།
མེས་པོ་ཁྲི་ཕྲག་གི་རྣམ་ཤེས་ཁྱེད་ལ་ཐིམ་ཤིང་ཟུངས་ཁྲག་གི་ཐམ་ག་དང་རུས་པའི་རྡོ་རིང་སོགས་ཁྱེད་ཀྱི་གམ་ན་ད་དུང་ལྷག་ཡོད།
བུ་ཚ་ཁྲི་སྟོང་གིས་ལྟེ་ཁྲག་གི་མཆོད་ལ་ཁྱེད་ལ་ཕུལ་ཞིང༌།
ཕུག་བསམ་གྱི་བདེན་དོན་ཁྱེད་ལ་བཅོལ་ཡོད།
ད་དུང༌། ཡོད་ཚད་སྟོང་བར་ཆགས་པའི་གཞིས་བྱེས་ས་ཡ་དྲུག་གིས་བརྩེ་གདུང་གི་མིག་ཟུང་ཁྱེད་ལ་གྱེར་ཞིང༌།
སྙན་ངག་གི་ཁ་བྱང་ཁྱེད་ཉིད་བྱས་ཡོད།
ཨེ་མ། གངས་ལྗོངས་ལགས།
ང་ཚོས་ཡོད་ཚད་ཀྱི་རེ་བ་ཁྱེད་ཉིད་ལ་བཅོལ་ཡོད།
དེའི་ཕྱིར།
ང་ཚོ་མྱ་ངན་གྱི་བྱེ་ཐང་དང༌།
དངངས་སྐྲག་གི་དུར་ཁྲོད།
འཇིགས་རུང་གི་གཡང་གཟར་སོགས་ཇི་ལྟར་འགྲིམས་དགོས་ཀྱང༌།
ཁྱེད་ཉིད་སླར་གསོ་བྱེད་རྒྱུར་ཆོད་སེམས་སྔ་མོ་ནས་བཞགས་ཟིན།
་ ༢༠༠༧་༦་༢༤ ཉིན་བྲིས།