གཅིག་སྒྲིལ་ཕོ་ཉ།

མཆོག་གསུམ་གཙུག་ཏུ་བཀུར་བའི་ཆོས་པ་དང་།།    

གཞུང་དམངས་སྣེ་འཁྲིད་བྱས་པའི་སྲིད་དོན་པ།།    

གངས་ལྗོངས་བདེ་དོན་བསྒྲུབ་པའི་ཐབས་ཀྱི་མཆོག།    

ཆོས་སྲིད་ཟུང་འབྲེལ་མཁྱེན་ནས་གཅིག་སྒྲིལ་གནང་།།

 

ངུར་སྨྲིག་རྒྱལ་མཚན་འཆང་བའི་བླ་གྲ་དང་།།

བཟའ་མི་བུ་འཕྲུག་སྐྱོང་པའི་སྐྱ་བོ་རྣམས།།

མཐོ་སྒང་ཕ་ཁྱིམ་དྲོན་པོའི་སྦྲགས་འོག་ན།།

བླ་སློབ་འདུ་ཤེས་བརྟན་པོས་གཅིག་སྒྲིལ་གནང་།།

 

རིགས་ལམ་མེ་ལྕེ་འབར་བའི་མདོ་ལུགས་དང་།།

མཐུ་ནུས་ཐོག་མེད་མངའ་བའི་སྔགས་འཆང་ལུགས།།

སྟོན་པ་གཅིག་གི་རྗེས་འཇུག་ངོས་ཟིན་ཏེ།།

མདོ་སྔགས་ཟུང་འབྲེལ་སྒོ་ནས་གཅིག་སྒྲིལ་གནང་།།

 

སྲོལ་རྙིང་འཁྲེགས་བཟུང་བྱས་པའི་རྒན་རབས་དང་།།

ལུགས་གསར་ཨ་གསར་དགའ་བའི་གཞོན་སྐྱེས་རྣམས།།

རང་འཕོངས་གསར་རྙིང་རྩོད་པ་མཚམས་འཇོག་སྟེ།།

གནའ་དེང་ཟུང་འབྲེལ་ལམ་ནས་གཅིག་སྒྲིལ་གནང་།།

 

གནས་ལྔ་ཤེས་བྱར་མཁྱེན་ཡངས་མཁས་པ་དང་།། 

ངལ་རྩོལ་ལས་ལ་ཞོལ་བའི་བླུན་པོ་གཉིས།།  

གཅིག་ཕན་གཅིག་གྲོགས་བྱས་པའི་ཡ་རབས་ཚུལ།།  

མིག་དཔེ་བཟང་པོ་འཇོག་ཕྱིར་གཅིག་སྒྲིལ་གནང་།། 

 

མཐོ་དང་གོ་ས་ཆེ་བའི་དཔོན་རིགས་དང་།།

ཉམས་ཆུང་ལུགས་མཐུན་འཚོ་བའི་མི་སེར་རྣམས།།

ཁྱད་གསོད་ཕྲག་དོག་སྤངས་ནས་ཕན་ཚུན་བར།།

ཡིད་ཆེས་དྲང་བདེན་སྐྱོང་ནས་གཅིག་སྒྲིལ་གནང་།།