རྒྱ་གར་རང་སྲིད་རང་སྐྱོང་ཞེས་པའི་དཔེ་དེབ་ཀྱི་དུས་དྲན།

    ཕྱི་ཚེས་༠༢ ཉིན་ཚོགས་འདུའི་སྐུ་མགྲོན་གཙོ་བོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། གྷུ་ཇ་རཱ་ཏིའི་ཨ་མིས་དྷ་བྷ་ཤེས་ཡོན་ལྟེ་གནས་ཁང་གི་དབུ་འཛིན་ཤྲིའ་ན་རམ་ཡམ་དྷ་སི་མཆོག ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་ཞུགས་བ་རྣམ་པ། དེ་བཞིན་སློབ་ཕྲུག་བཅས་ཚང་འཛོམས་ཐོག་མགོན་མེད་ཟས་སྦྱིན་མགྲོན་ཁང་དུ་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་རེད། རྒྱ་གར་མཁས་དབང་རྣམས་ཀྱིས་གྷན་དྷིའི་ལྟ་གྲུབ་དང་རང་སྲིད་རང་སྐྱོང་གི་ཕྱག་དེབ་གཞི་ལ་བཞག་ནས་དེའི་ཕན་ཡོན་དང་ནུས་པ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་དང༌། མཁས་དབང་ཟམ་གདོང་རིན་པོ་མཆོག་གིས་གཙོ་བོ་ནང་པའི་ལྟ་གྲུབ་དང་གྷན་དྷིའི་རང་སྲིད་རང་སྐྱོང་གི་ཁྱད་ཆོས་སོགས་ཀྱི་སྐོར་ལ་བཀའ་སློབ་གནང་ཡོད་པ་རེད། རྒྱ་གར་རང་སྲིད་རང་སྐྱོང་ཞེས་པའི་ཕྱག་དེབ་འདི་ཕྱི་ལོ་༡༩༠༩ ལོར་ཐོག་མར་བརྩམས་ཤིང་རྒྱ་གར་རང་བཙན་ལས་འགུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང། རྒྱ་གར་དྲག་པོའི་སྡེ་ཁག་གཅིག་(Indian school of violence) དང་བསམ་ཚུལ་གཅིག་པ་ཡོད་མཁན་ཨ་ཕི་རི་ཀཱར་ལོག་འགྲོ་བའི་སྐབས་གྲུ་གཟིངས་ནང་དུ་བྲིས་པ་ཞིག་ཡིན་འདུག སྔོན་གླེང་སྔ་ཕྱི་དང་རབ་བྱེད་ཉི་ཤུའི་བདག་ཉིད་ཅན་གྱི་དེབ་འདིའི་ནང་གྷན་དྷིའི་གསུང་འབུམ་རྒྱ་མཚོ་ལྟ་བུ་ལས་གསུང་གི་ཉིང་ཁུ་གཙོ་བོ་རྒྱ་གར་དུ་རང་བཙན་གྱི་རླབས་དེ་གང་འདྲ་བྱས་ནས་དར་འཕེལ་བྱུང་ཡོད་པ་དང༌། བང་གཱལ་ཁ་བྲལ་དུ་གང་འདྲ་བྱས་ནས་བཏང་ཡོད་པ། རང་སྲིད་རང་སྐྱོང་གི་གོ་དོན་འཁྲུལ་མེད་དེ་གང་ཡིན་པ། རྒྱ་གར་དང་ནུབ་ཕྱོགས་པའི་དཔལ་ཡོན་ཡར་ཐོན་གྱི་ཁྱད་པར། རྒྱ་གར་གྱི་གནས་སྟངས། རྒྱ་གར་ལ་རང་དབང་གང་འདྲ་བྱས་ནས་ཐོབ་ཀྱི་ཡོད་པ། འཚེ་མེད་ཞི་བ་དང་བདེན་པའི་སྐོར། ཤེས་ཡོན་དང་འཕྲུལ་ཆས་ཀྱི་སྐོར། བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་འབྲེལ་བ་སོགས་ཤིན་ཏུ་ཕན་རླབས་ཆེ་བའི་བསླབ་བྱ་མང་པོ་ལོ་རྒྱུས་དང་སྦྱར་ཏེ་ཞིབ་ཕྲ་གསུངས་ཡོད་པ་རེད། ཁོང་གིས་སེམས་ཐག་ཆོད་པོའི་ངང་ནས་སྡོམ་ཚིག་ཞིག་བཞག་ཡོད་པ་ནི།  གལ་ཏེ་དེབ་འདིའི་ནང་བཤད་པ་གཞིར་བཟུང་ཏེ་འཚེ་བ་མེད་པའི་ལས་འགུལ་ཐུབ་ཚེ་རྒྱ་གར་གྱི་རང་སྲིད་རང་སྐྱོང་དེ་ཉི་མ་གཅིག་ནང་ལ་ཐོབ་ཀྱི་རེད་ཅེས་གསུངས་ཡོད་པ་རེད།། ཝཱ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།