སླར་ཡང་གྲང་དམག་ལངས་སྲིད།

ངེས་པར་དུ་རྡུལ་ཕྲན་བཟོ་སྐྲུན་ཐད་ལ་དམིགས་བསལ་ཛ་དྲག་གི་ཚོགས་འདུ་སྐོང་ཚོགས་བྱེད་དགོས་ཞེས་བརྗོད་པ་བཞིན། རྒྱལ་ཚོགས་ཀྱིས་ཛ་དྲག་གི་ཐོག་ནས་ཟླ་འདིའི་ཚེས་༥ ཉིན་བྱང་ཀོ་རིའི་ཡར་རྒྱལ་ཚོགས་ཀྱི་ཆོག་མཆན་མེད་པར་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་སོང་ཟེར་བ་ཞིག་འཚོགས་ཡོད་པ་རེད།
    བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་ནས་ཆུ་ཚོད་འགའ་ཤས་ཀྱི་རྗེས་སུ། ཨ་རིའི་སྲིད་འཛིན་གྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཡུ་རོབ་ཀྱི་ཆེས་མཐོའི་དཔོན་རིགས་ཚོར་གཏམ་བཤད་སྤེལ་ཡོད་པ་དང༌། ཁོང་གིས་ད་ལྟ་འཛམ་གླིང་རྒྱལ་ཁབ་ཚང་མས་རྡུལ་ཕྲན་བཟོ་སྐྲུན་ཐད་ལ་ཆ་ཤས་ལེན་པའི་དུས་ལ་བབ་ཡོད་ཅིང༌། བྱང་ཀོ་རི་ཡ་ངེས་པར་དུ་བདེ་འཇགས་ཀྱི་ལམ་བུ་བརྒྱུད་ནས་འགྲོ་དགོས་པ་དང༌། བརྩི་བཀུར་དང་འཆམ་མཐུན་ནམ་ཡང་འཇིགས་སྐུལ་དང་ཁྲིམས་འགལ་གྱི་མཚོན་ཆའི་འོག་ནས་ཡོང་མི་སྲིད་པས། ངེས་པར་དུ་ཁྲིམས་ལ་བརྩི་དགོས་ཞེས་དང༌། དེང་སྐབས་འཇིགས་སྐུལ་རིང་ལུགས་ཀྱི་དཀའ་ངལ་གསར་པ་ཞིག་འགྲོ་བཞིན་ཡོད་པས། རྡུལ་ཕྲན་གྱི་བཟོ་ལས་ལ་ཚོད་འཛིན་མ་བྱས་ན་འཇིགས་སྐུལ་རིང་ལུགས་པའི་ལག་ཏུ་ནུས་ཤུགས་ཆེ་བའི་མཚོན་ཆ་མ་ཐོབ་པ་མ་གཏོགས། ཁོ་ཚོར་གཞི་རྒྱ་ཆེ་བའི་གཏོར་བཤིགས་དང་འབར་རྫས་སོགས་བེད་སྤྱད་པ་ལ་དཀའ་ངལ་གང་ཡང་མེད་པས་ཚང་མས་འཛམ་གླིང་གི་བདེ་འཇགས་ལ་བསམ་བློ་བཏང་སྟེ། རྡུལ་ཕྲན་བཟོ་ལས་ཀྱི་མཐུན་རྐྱེན་གང་སར་རྒྱ་ཁྱབ་ཏུ་གཏོང་མི་རུང་ཞེས་གསུངས་ཡོད་པ་དང། ཁོང་གིས་མུ་མཐུད་ནས་མཐུན་ཕྱོགས་རྒྱལ་ཁབ་ཚོས་གཅིག་གིས་གཅིག་ལ་རྡུལ་ཕྲན་བཟོ་སྐྲུན་གྱི་རྒྱབ་རྩ་བྱས་ནས་ཡུན་རིང་ལྷག་ན། འཛམ་གླིང་འདིའི་སྒང་ལ་སླར་ཡང་གྲང་དམག་ལངས་སྲིད་པ་རེད་ཅེས་ཉེན་བརྡ་བཏང་ཡོད་པ་དང༌། ཕྱི་ལོ་༡༩༦༠ ནས་༡༩༨༠ གཡས་གཡོན་བར་ཨུ་རུ་སུ་དང་རྒྱ་ནག་གཉིས་དམར་ཤོག་པ་ཕྱོགས་མཐུན་བྱས་པ་དང༌། ཨ་རི་གཙོ་བོར་གྱུར་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་གཙོའི་རིང་ལུགས་པ་རྣམས་ཕྱོགས་མཐུན་གྱེན་ལངས་ཀྱི་གྲང་དམག་དེ་འདས་ཚར་རུང༌། རྡུལ་ཕྲན་མཚོན་ཆ་སྟོང་ཕྲག་མང་པོ་ད་དུང་ཡང་ལྷག་ཡོད་ཅེས་གསུངས་ཡོད་པ་རེད།
    སྐབས་དེར་རྒྱལ་ཚོགས་ཀྱི་ཛ་དྲག་ལྷན་ཚོགས་ཐོག་ཨ་རི་དང། ཉི་ཧོང་གཉིས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་གྱི་ལས་གཞི་དེ་ཁྲིམས་འགལ་ཡིན་པས། རྒྱལ་ཁབ་ཚང་མའི་བསམ་བློ་གཅིག་མཐུན་ཐོག་བྱང་ཀོ་རི་ཡར་ཉེས་ཆད་གཅོད་དགོས་སྐོར་གྱི་གྲོས་གཞི་འདོན་སྐབས། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཁས་ལེན་བྱས་མེད་པ་དང༌། བྱང་ཀོ་རི་ཡའི་སྲིད་འཛིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཚོས་ཚོད་ལྟ་འདི་ནི་འཕྲུལ་ལས་ཡར་རྒྱས་ཚོད་ལྟ་ཙམ་ལ་ངོས་འཛིན་བྱས་ཡོད་ཅེས། ཁྱིམ་མཚེས་རྒྱ་ནག་དང་ཨུ་རུ་སུས་བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་ལ་རྒྱབ་སྐྱོར་ཡོད་ཚུལ་གྱིས་གཏམ་བཤད་སྤེལ་ཡོད་པ་རེད།
    ཐེངས་འདིའི་རྒྱལ་ཚོགས་ཀྱི་ཛ་དྲག་ཚོགས་འདུའི་སྟེང་རྒྱ་ནག་གི་རྒྱལ་ཚོགས་སྐུ་ཚབ་ཀྱིས། རྒྱལ་ཚོགས་ངོས་ནས་གཟབ་ནན་དང་སྤྱི་སྙོམས་ཀྱི་ཐོག་ནས་བྱང་ཀོ་རི་ཡ་སོགས་ཀྱི་རྡུལ་ཕྲན་བཟོ་སྐྲུན་ལ་ཞིབ་འཇུག་བྱེད་དགོས་པ་ལས། གཞན་རྒྱལ་ཁབ་ཕན་ཚུན་བར་དོགས་པ་རྣམ་རྟོག་བཟོ་བྱེད་ཙམ་ལས་མེད་ཚུལ་བཤད་དེ། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་བྱང་ཀོ་རི་ཡའི་རྒྱབ་རྩ་ལངས་ནས། ད་དུང་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཁྲིམས་འགལ་ཐོག་ནས་ཚོད་ལྟ་བྱས་པར་ཉེས་ཆད་སོགས་གཏོང་ཐུབ་མེད་པ་རེད། ཡིན་ནའང་ཨ་རི་དང་ཉི་ཧོང་གཉིས་ཀྱིས་རྒྱ་ནག་དང་ཨུ་རུ་སུས་མོས་མཐུན་བྱས་ན་བྱང་ཀོ་རི་ཡར་ཉེས་ཆད་གཅོད་རྒྱུ་གཏན་འཁེལ་ཚར་ཡོད་ཅེས་གསར་ལམ་ཁག་ཏུ་བརྒྱུད་བསྒྲགས་བྱས་ཡོད་པ་རེད།།