འབོད་སྐུལ་ཙམ་མིན་པར་ཐག་གཅོད་པའི་ནུས་པ་ལྡན་པ་ཞིག་རེད།

    བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་དེའི་རྒྱབ་ལྗོངས་ག་རེ་ཡིན་མིན་སྐོར་ཆོས་དོན་བཀའ་བློན་མཆོག་ལ་དྲིས་པར། ཁོང་གིས་གསུང་དོན། “དེའི་རྒྱབ་ལྗོངས་སྐོར་བཀའ་ཤག་སྐབས་བཅུ་གཉིས་པའི་སྐབས་ནས་གྲོས་ཚོགས་ཀྱི་ཐོག་ལ་ཆོས་དོན་ལྷན་ཚོགས་ཤིག་དགོས་ཀྱི་འདུག་ཅེས་གསུངས་པ་རེད། ཁ་ཤས་ཀྱི་ནང་དུ་དབང་ལྡན་ཆོས་དོན་ལྷན་ཚོགས་ཞེས་གསུང་གི་ཡོད་རེད། ཆོས་དོན་ལྷན་ཚོགས་དེས་དུས་རྒྱུན་བཀའ་གཏོང་བ་གཅིག་པུ་མིན་པར་དེ་ལས་ལྷག་པའི་དབང་ཆ་ལྡན་པའི་རྒྱུ་མཚན་ལ་བརྟེན་ནས་དབང་ལྡན་ཆོས་དོན་ལྷན་ཚོགས་ཞེས་གསུངས་པ་རེད། འོན་ཀྱང་མཚན་ངོ་མ་ལ་ཆོས་དོན་ལྷན་ཚོགས་ཟེར་བ་དེ་རེད། སྒྲིག་གཞི་གཏན་འབེབས་བྱས་པའི་རྒྱབ་ལྗོངས་གཙོ་བོ་དེ་ག་རེ་རེད་ཟེར་ན། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པ་ད་ལྟ་ཡོད་པ་དང༌། མ་འོངས་པར་སུ་འདྲ་ཞིག་ཆོས་བརྒྱུད་ནང་སླེབས་པ་ཡིན་ན་ཡང་ཚང་མའི་ཐོག་ལ་ཕྱག་ལས་ག་འདྲ་གནང་དགོས་པ་དང༌། ཡར་རྒྱས་ག་འདྲ་གཏོང་དགོས་པ། དེ་ཚོ་ལ་སྟངས་འཛིན་ག་འདྲ་བྱེད་དགོས་ཀྱི་ཡོད་པ། རྩ་བའི་ཆ་ནས་བཙན་བྱོལ་བོད་གཞུང་གི་ཁྱབ་ཁོངས་སུ་གཏོགས་པའི་རྒྱུ་མཚན་གྱིས་གནང་གི་ཡོད་པ་རེད་དེ། ཆོས་དོན་ལྷན་ཚོགས་ཡོད་ན་ལྷན་ཚོགས་འཚོག་ས་དེར། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམ་པ་སྐུ་དངོས་སམ་ཡང་ན། སྐུ་ཚབ་ཡོད་པ། ྋརྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཡོད་པ། ཆོས་རིག་བཀའ་བློན་ཡོད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཆོས་སྲིད་གཉིས་ཐད་ནས་དབང་ལུང་ཆ་ཚང་ཡོད་མཁན་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་ཡོད་པ་ལ་བརྟེན་ནས་ཆོས་སྲིད་གཉིས་ཀའི་ཐོག་ལ་ཁྲིམས་ཀྱི་ནུས་པ་ལྡན་པའི་ཐོག་ནས་མར་རེ་སྐུལ་དང་འབོད་སྐུལ་ཙམ་མིན་པར། ཆ་ཚང་ཐག་གཅོད་པའི་ནུས་པ་ལྡན་པ་ཞིག་ཆགས་ཀྱི་ཡོད་རེད། དེ་རྒྱལ་སྤྱིའི་འགྲོ་སྟངས་ལ་བལྟས་པ་ཡིན་ཡང་དགོས་པ་ཅན་ཞིག་རེད། བཙན་བྱོལ་ཙམ་མིན་པར་རྒྱལ་ཁབ་རང་བཙན་ཡོད་བསྡད་པ་དེ་ཚོའི་ནང་ལ་ཡང་ཆོས་དོན་ལྷན་ཚོགས་དང་ཆོས་དོན་ལས་ཁུངས་ཞེས་པ་ཡོད་བསྡད་པ་ཞིག་ཆགས་ཀྱི་ཡོད་རེད། བྱས་ཙང་ཁྲིམས་ཡིག་འདི་གཏན་འབེབས་གནང་བ་དེའི་རྒྱབ་ལྗོངས་མདོར་བསྡུས་ཞུས་ན་དེ་འདྲ་ཞིག་རེད་”ཅེས་གསུངས་སོང༌།
    ཆོས་དོན་ལྷན་ཚོགས་དེ་ག་དུས་འགོ་འཛུགས་མིན་སྐོར་དྲིས་པར། ཁོང་གིས་“དེ་ད་ལྟ་ཐག་ཆོད་ཡོད་མ་རེད། སྒྲིག་གཞིའི་ནང་ལ་འགོ་འཛུགས་ག་དུས་བྱེད་དགོས་མིན་གསལ་པོ་ཡོད་མ་རེད། སྒྲིག་གཞི་གཞན་གྱི་འགྲོ་སྟངས་ལྟར་ན་སྒྲིག་གཞི་གཏན་འབེབས་བྱས་པའི་ཉིན་ནས་བཟུང་སྟེ་ལག་ལེན་དགོས་ཞེས་འཁོད་ཡོད་རེད། སྤྱི་ཡོངས་ཀྱི་སྒྲིག་གཞིའི་འགྲོ་སྟངས་ལྟར་ཡིན་ན་ྋགོང་ས་སྐྱབས་མགོན་ཆེན་པོས་ཁྲིམས་ཡིག་འདིར་མཚན་རྟགས་བཀོད་པའི་ཉིན་མོ་ནས་འགོ་འཛུགས་བྱེད་ཀྱི་རེད་”ཅེས་གསུངས་བྱུང༌།
    ཆོས་དོན་ལྷན་ཚོགས་དང་ཆོས་དོན་ལས་ཁུངས་གཉིས་ཀྱི་དབང་ཚད་མཐོ་དམན་ག་འདྲ་ཡིན་མིན་སྐོར་དྲིས་པར། ཁོང་གིས་“ཆོས་དོན་ལྷན་ཚོགས་དང་ཆོས་དོན་ལས་ཁུངས་ཁག་ཁག་རེད། ཆོས་དོན་ལས་ཁུངས་བཙན་བྱོལ་བོད་གཞུང་གི་ལྷན་ཁང་བདུན་ཡོད་པའི་ནང་ནས་དང་པོ་དེ་ཆགས་བསྡད་ཡོད་རེད། ཆོས་དོན་ལྷན་ཚོགས་དེ་ཆོས་དོན་ལས་ཁུངས་གོང་གི་ལྷན་ཚོགས་ཤིག་ཆགས་ཀྱི་ཡོད་རེད། ལྷན་ཚོགས་དེས་ཐག་གཅོད་བྱས་པ་དེ་ཆོས་དོན་ལས་ཁུངས་ཀྱིས་ཐག་གཅོད་བྱས་པ་ཞིག་དང༌། ཆོས་དོན་ལྷན་ཚོགས་དེ་དབང་ཆ་ཆེ་བ་ཆགས་ཀྱི་ཡོད་རེད། ཆོས་དོན་ལྷན་ཚོགས་ཀྱིས་གང་ཐག་གཅོད་བྱས་པའི་བཀའ་ལུང་དེ་ཆོས་དོན་ལས་ཁུངས་ཀྱིས་དེ་གཞིར་བཟུང་གིས་ཆོས་སྡེ་ཁག་ལ་ཁྱབ་སྤེལ་བྱེད་པ་དེ་ཆོས་དོན་ལས་ཁུངས་བརྒྱུད་ནས་འགྲོ་དགོས་པ་ཆགས་བསྡད་ཡོད་རེད། ཆོས་དོན་ལྷན་ཚོགས་ཀྱི་བཀའ་དབང་མེད་པར་ཆོས་རིག་ལས་ཁུངས་ཀྱིས་ཐག་གཅོད་བྱེད་པའི་དབང་ཆ་ཡོད་རིགས་དཔེར་ན། འཛིན་སྐྱོང་གི་ལས་ཀ་དེ་ཚོ་བོད་གཞུང་གི་ལྷན་ཁང་བདུན་གྱི་གྲས་ཡིན་པས་དེའི་ཐད་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་གིས་ཐག་གཅོད་བྱེད་སྟངས་ཤིག་ཡོད་རེད། དེ་མ་ཡིན་པའི་སྐབས་རེ་ཆོས་དོན་ལས་ཁུངས་ཀྱིས་ཐག་མ་ཆོད་པ་དེ་འདྲ་ཡོད་ན་ཆོས་རིག་བཀའ་བློན་བརྒྱུད་ནས་ཆོས་དོན་ལྷན་ཚོགས་ལ་ཞུ་བ་དང༌། ཡང་ན་ཆོས་དོན་ལྷན་ཚོགས་ཀྱི་ཚོགས་མི་གང་ཡང་རུང་བ་ཞིག་གིས་གནས་ཚུལ་འདི་འདྲ་ཞིག་གི་ཐོག་ལ་གྲོས་བསྡུར་བྱེད་དགོས་པའི་གྲོས་འཆམ་བྱུང་སོང་བ་ཡིན་ན། ཆོས་དོན་ལྷན་ཚོགས་ཀྱི་རྒྱུན་ལས་བརྒྱུད་བསྡུ་སྐོང་བྱས་ནས་ཐག་གཅོད་བྱེད་དགོས་པ། དེ་འདྲའི་ཆོས་དོན་ལྷན་ཚོགས་ཀྱིས་ཐག་གཅོད་བྱས་པ་དེ་མཐའ་མའི་ཐག་གཅོད་ཆགས་ཀྱི་རེད་”ཅེས་གསུང་སོང།
    ཆོས་དོན་ལྷན་ཚོགས་ཀྱི་རྒྱུན་ལས་གྲུབ་ཆའི་ནང་དུ་ཆོས་རིག་བཀའ་བློན་དང༌། ཆོས་བརྒྱུད་རྣམས་ཀྱི་སྐུ་ཚབ་རྣམས་ཀྱི་ནམ་རྒྱུན་ལས་ཀ་བྱེད་སྟངས་ག་འདྲ་ཡིན་མིན་སྐོར་དྲིས་པར། ཁོང་གིས་“ནམ་རྒྱུན་འཆར་ཅན་གྱི་ལས་ཀ་བྱེད་སྟངས་འདི་འདྲ་ཡིན་ཞེས་ད་ལྟའི་ཆ་ལ་དངོས་སུ་གཏན་འབེབས་གང་ཡང་བྱུང་ཡོད་མ་རེད་ཅེས་དང༌། ཆོས་དོན་ལྷན་ཚོགས་འདི་བཙུགས་ནས་ནུས་པ་ག་ཚོད་ཐོན་མིན་སྐོར་དྲིས་པར། ཁོང་གིས་ཆོས་དོན་ལྷན་ཚོགས་བཙུགས་ནས་ནུས་པ་སྔོན་དང་མི་འདྲ་བ་ཞིག་ཐོན་གྱི་རེད་བསམ་གྱི་ཡོད། ད་ལྟའི་ཆོས་དོན་ལས་ཁུངས་ཀྱི་ཆ་ནས་ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དགོན་སྡེ་ཁག་ལ་དོན་དག་ཞུ་དགོས་ཀྱི་ཡོད་ན། གནང་རོགས་གྱིས་ཞེས་རེ་སྐུལ་ཞུ་རྒྱུ་ཙམ་རེད། ཆོས་དོན་ལྷན་ཚོགས་ཀྱིས་ཐག་གཅོད་བྱུང་བ་ཞིག་ཡིན་ན་དེ་ཆོས་དོན་ལས་ཁུངས་གཅིག་པུའི་བཀའ་ཙམ་མ་ཟད། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། དེའི་ནང་ལ་ཆོས་དོན་ལྷན་ཚོགས། ྋརྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དང་བཅས་པས་ཐག་གཅོད་བྱས་པ་ཞིག་དང༌། གྲོས་ཚོགས་ཀྱིས་ཁྲིམས་ཀྱི་ནུས་པ་ལྡན་པའི་སྒྲིག་གཞི་གཏན་འབེབས་བྱས་པའི་འོག་ནས་འགྲོ་ཡི་ཡོད་དུས་ཏན་ཏན་སྔར་དང་མ་འདྲ་བའི་ཐོག་ནས་ནུས་པ་འདོན་ཐུབ་ཀྱི་རེད་བསམ་གྱི་འདུག ཆོས་དོན་ལྷན་ཚོགས་ཀྱི་འགན་དབང་ལ་དོན་ཚན་བཅུ་གཅིག་ཡོད་རེད། མདོར་ན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་རང་རང་གི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་བཅས་པའི་ཆོས་མཐུན་གྱི་བྱ་བ་གང་དགོས་གནང་རྒྱུ་ཞེས་འཁོད་པ་བཞིན་སྐབས་དང་དུས་སུ་མ་འོངས་པར་ཆོས་དོན་ལྷན་ཚོགས་འཚོག་པ་ཡིན་ན། དོན་ཚན་ག་རེའི་ཐད་ཡར་རྒྱས་གཏོང་དགོས་པ་འདུག གཏོང་ཐུབ་པ་ག་རེ་འདུག འདིའི་ནང་མ་འཁོད་པ་ག་རེ་འདུག་དེ་དག་གི་ཐོག་ལ་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་དགོས་པ་ཆགས་ཀྱི་རེད། ཆོས་རིག་བཀའ་བློན་གྱི་ངོས་ནས་སྔོན་དང་མི་འདྲ་བའི་ནུས་པ་ཆེ་ཙམ་འདོན་ཐུབ་པའི་རེ་བ་ཞུ་ཡི་ཡོད་”ཅེས་གསུངས་བྱུང༌།།