ཀློག་མཁན་གྱི་འཕྲིན།

༄༅།།མཁྱེན་ཡངས་བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་ལགས་ཀྱི།
དྲུང་དུ་ཞུ་དོན། སྐུ་ཉིད་ཀྱིས་རྩོམ་སྒྲིག་གནང་བའི་བང་ཆེན་གསར་ཤོག་འདི་བཞིན་ཉིན་རེ་ནས་ཉིན་རེ་བཞིན་ཡར་རྒྱས་སུ་ཕྱིན་ཏེ་ད་བར་མི་མང་གིས་གདེང་འཇོག་ཆེན་པོ་གནང་སྟེ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པ་དེ། སྐུ་ཉིད་ཀྱིས་གཙོས་ལས་བྱེད་རྣམས་ཀྱིས་དྲང་བདེན་ལ་གཞི་བཅོལ་ཏེ་གང་ཡིན་པ་དང༌། གང་མཐོང་བ་གཉིས་གཙོ་འདོན་བྱས་པའི་འབྲས་བུ་ཞིག་ཡིན་པ་གདོན་མི་ཟ་བས་སྙིང་ནས་རྗེས་སུ་ཡི་རངས་ཞུ། དེ་རིང་གུས་པའི་ཞུ་དོན་དེ་བོད་ཀྱི་བླ་ཆེན་ཞིག་གི་མཚན་འགོད་སྟངས་དེ་ཡིན། ས་སྐྱ་བདག་ཁྲི་རིན་པོ་ཆེ་ཞེས་པ་དེ་ྋགོང་ས་སྐྱབས་མགོན་ཆེན་པོས་བདག་ཁྲི་རིན་པོ་ཆེ་ཞེས་གསུངས་ནའང༌། དེ་ནི་དགོས་པ་ངེས་ཅན་ཞིག་ཡིན་པ་ལས་ང་ཚོ་འདྲ་བས་ཚོད་དཔག་གཏན་ནས་བྱེད་མི་ཐུབ། རྗེས་སུ་རིན་པོ་ཆེའི་མཚན་འགོད་དུས་དཔལ་ས་སྐྱ་ྋགོང་མ་བདག་ཁྲི་རིན་པོ་ཆེ་ལབ་ན་འགྲིག་རྒྱུ་དང༌། གལ་སྲིད་ཡིག་ཚོགས་ཆེ་ན་ས་སྐྱ་ྋགོང་མ་རིན་པོ་ཆེ་ཞུས་ན་ཤིན་ཏུ་འཐད། སྤྱིར་བླ་མའི་མཛད་པ་འཕྲིན་ལས་དེ་ཚོའི་རིགས་དེ་མིང་འགོད་སྟངས་དང་ཁྱབ་བསྒྲགས་སོགས་གཙོ་བོ་མིན་ནའང༌། དོན་གཉེར་ཅན་གྱི་རིགས་དང་ཕྱིས་འབྱུང་མི་རབས་གསར་པ་ཚོ་ལ་ངན་པ་ལང་ཤོར་མི་འགྲོ་བ་བྱ་རྒྱུ་གཙོ་བོར་བཟུང་སྟེ། རྩོམ་སྒྲིག་པ་ཁྱེད་ལ་གནས་ཞུ་འདི་འབུལ་དགོས་བྱུང་བས་དགོངས་འགལ་མེད་པ་མཁྱེན། སྤྱིར་ཁྱེད་ཀྱིས་གོང་མ་རིན་པོ་ཆེའི་མཛད་འཕྲིན་སྐོར་གསར་འགྱུར་ཕུལ་མཁན་བྱུང་ན་ངོས་བཞེས་གནང་སྟེ་དུས་ནས་དུས་སུ་ཁྱབ་བསྒྲགས་ལན་མང་གནང་སོང་བས་སྙིང་ནས་བཀའ་དྲིན་རྗེས་སུ་དྲན་ཆོག་པ་མ་ཟད། ཕྱིས་འབྱུང་ཡང་དེ་བཞིན་བྱ་རྒྱུའི་རེ་བ་གཙང་མ་ཡོད་པས་དེ་དོན་དགོངས་འཇགས་འཚལ།
ས་སྐྱ་མ་དགོན་ནས་སྨར་ཁམས་པ་ཐུབ་བསྟན་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩ ཟླ་༤ ཚེས་༩ ཉིན་ཕུལ།