མི་ཡུལ་དང་གྱེས་ཟིན་པའི་སྤུན་ཟླ་རྣམས་ལ་ཕུལ་བའི་རྗེས་དྲན་གྱི་མིག་ཆུ་ཁྱོར་བ་གང་།
ཡུལ་གྲུ་དེར་སྔར་བསྐལ་པ་བཟང་དུས་སུ་བོད་ཆོས་ལྡན་གྱི་ཡུལ་ཞེས་གྲགས།ཀྱེ་མ་་་་་་་ཡུལ་དུས་ཀྱི་འགྱུར་ལྡོག་ནི་ཅི་འདྲའི་ཁོད་མི་སྙོམས་པ་ཞིག་རེད་ཨང་།གནའ་དུས་ཞི་འཇགས་ལྷིང་གསུམ་ལྡན་པའི་ངའི་ཕ་ས་དེ་ད་ལྟ་ཁྲག་རྣག་གི་རྫིང་བུ་འཁྱིལ་བའི་བཤས་ར་ཞིག་ཏུ་འགྱུར་བ་ལ་བལྟ་དུསངས་འགྱུར་ལྡོག་གི་ཆོས་ཉིད་ལ་འཁང་ར་མི་བྱེད་ཀ་མེད་ཡིན་སོང་།མི་ཚོས་་་་་་་ངའི་ཕ་ས་དེ་འཇིགས་རུང་གི་དུར་ཁྲོད་ཅིག་ཏུ་བརྩིས་ནས་ཞེན་ལོག་གི་མཆིལ་ལུད་འཕེན་ན་འཕེན་ཆོག་ཆོག་ཡིན་ཀྱང་་་་་་་་ཡ་མཚན་པ་ཞིག་ལ་་་་་་ཁོང་ཚོས་ངའི་ཕ་སར་བསྔགས་བརྗོད་ཀྱི་བསྟོད་གླུ་འབུལ་ཞིང་གདུང་སེམས་ཀྱི་མིག་ཆུ་ཕྱུང་བར་བྱེད།བསམ་གཞིགས་བྱསབསམ་གཞིགས་ལན་མང་བྱས།ངས་བསམ་གཞིགས་ལན་མང་བྱས་པའི་མཐར་ཤཻས་རྟོགས་བྱུང་བ་ནིངའི་ཕ་ས་ན་དཔའ་བོ་དང་དཔའ་མོ་ཚོའི་མཛད་རྗེས་གང་མང་འདུག་ཅིང་འཇིག་མིསྲིད་པའི་ཁྲག་གི་རྡོ་རིང་དཔེ་མི་སྲིད་པ་བཞེངས་འདུག་པསད་གཟོད་མི་ཚོས་བསྔགས་བརྗོད་ཀྱི་བསྟོད་གླུ་ཕུལ་ཞིང་གདུང་སེམས་ཀྱི་མིག་ཆུ་ཕྱུང་བ་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་།“གྲལ་འགྲིགས་པའི་རུ་དཔུང་འགྲོས་མཉམ་པའི་གླུ་སྒྲ”ཏག་ཏག་དེ་ནི་ང་དང་ས་ཁྲག་གཅིག་པའི་སྤུན་ཟླ་ཚོ་གྲལ་འགྲིགས་པའི་རུ་དཔུང་རེད་ལང་དང་ཤ་ཁྲག་གཅིག་པའི་དཔའ་བོ་དང་དཔའ་མོ་ཚོའི་འགྲོས་མཉམ་པའི་གླུ་སྒྲ་རེད།ངའི་སྤུན་ཟླ་ཁྱེད་ཚོ་དཔའ་བོ་ཁྱེད་ཚོ་དང་དཔའ་མོ་ཁྱེད་ཚོ་སྐྱི་གཡའ་བའི་གཤེད་མ་ཚོའི་མདུན་ན་འཇིགས་ཞུམ་མེད་པར་ཕུར་ཚུགས་སུ་སྒྲེང་ནས་ཅི་འདྲའི་བ་སྤུ་གཡོ་ནུས་པའི་འབོད་སྒྲ་ཞིག་སྟེ་་་་་་་་་་་་“བོད་རང་བཙན་གཙང་མ་ཡིནབོད་ཀྱི་བདག་པོ་བོད་མི་ཡིནརྒྱ་དམར་བོད་ནས་མཐར་སྤྲོད་ཐོངས”ཞེས་འདྲ་མཉམ་དང་རང་དབང་གི་ཁུ་ཚུར་མཁའ་ལ་འཕྱར་བཞིན་མེ་མདའི་བུ་ག་ནག་ཕུག་གེ་བ་དག་ནས་བུད་པའི་རྡེའུ་གྲངས་མེད་བྲང་གཞུང་དུ་བསྐྱིལ་ནས་འགྱེལ་སོང་།མཚར་སྡུག་གི་རྨི་ལམ་དང་དྲན་གདུང་གི་རྡོག་ཁྲེས་རི་བཞིན་ཁུར་ནས་གཡས་འཁྱོར་གཡོན་འཁྱོར་དུ་འགྱེལ་སོང་།ངའི་སྤུན་ཟླ་ཚོས་དེ་ལྟར་ཚེ་སྲོག་གི་མཛེས་སྡུག་ངོམ་བྱུང་།ངའི་སྤུན་ཟླ་ཚོས་དེ་ལྟར་འཚོ་གནས་ཀྱི་དོན་སྙིང་བསྒྲགས་བྱུང་།ཨ་ཙི་་་་་་་་ངའི་སྤུན་ཟླ་ལགས་་་་་་་་་་་་སྐབས་དེ་དུས་ངས་མིག་ཆུའི་རྒྱ་མཚོ་བསྐྱིལ་ན་འདོད།སྐབས་དེ་དུས་ངས་ངུ་འབོད་ཀྱིས་གནམ་ས་འགུལ་ན་འདོད།ངའི་སྤུན་ཟླ་ལགས་་་་་་་ང་ལ་ཉོན་དང་ཁྱེད་ཚོ་ནི་འདྲ་མཉམ་རྩོད་ནས་ཚེ་སྲོག་ཤོར་ཞིང་རང་དབང་ལ་དགའ་དྲགས་པས་ང་ཚོ་དང་ཁ་བྲལ་དགོས་བྱུང་བ་རེད།རེད་དེ་་་་་་་་་་་་རྒྱུ་མཚན་དེས་ཁྱེད་ཚོར་ཀུན་གྱིས་བཀུར་ཞིང་གནས་ལུགས་དེས་ཁྱེད་ཚོ་ལོ་རྒྱུས་མི་སྣར་གྱུར་ཡོད་ནའང་མི་བུ་ཅོལ་ཆུང་འགས་བསམ་བཞིན་དུ་ཕམ་ཁ་ཉོས་སོང་ཞེས་ཁྱེད་ཚོར་འཕྱ་དམོད་བྱེད་སྲིད་མོད་ཀྱང་ཁྱེད་ཚོས་དོན་དམ་པའི་རྒྱལ་ཁ་བླངས་ཡོད་པ་ཤེས་ལྡན་སུ་ལའང་བསྙོན་དུ་མེད་ན་་་་་་་་་ཧ་ཧ་་་་་་་་་་་་གོང་གི་འཕྱ་དམོད་རིགས་ལ་ངས་ཁྲེལ་དགོད་བྱེད་་་་་་་་འདི་ལྟར་ཁྲེལ་དགོད་བྱེད།འོ་རེད་ད་གཟོད་མགོ་བོ་སྐྱ་སེར་ལ་མ་ལྟོས་ཤིང་ངོ་རིས་དཀར་ནག་ཏུ་མ་ཕྱེ་བར་མི་རིགས་ཡོད་ཚད་ཀྱིས་བསྔགས་བརྗོད་ཀྱི་བསྟོད་གླུ་ཕུལ་བ་རེད་ལ་གདུང་སེམས་ཀྱི་མིག་ཆུ་ཕྱུང་བ་རེད་ཨང་།འོན་ཀྱང་བློ་ཕམ་པ་ཞིག་ལ་ཁྱེད་ཚོ་དང་ཁྱེད་ཚོ་འདྲ་བའི་སྤུན་ཟླ་བགྲང་གིས་མི་ལང་བ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་དམར་གྱི་མེ་མདའི་ཁ་འོན་ཐར་མ་སོང་་་་་་་་་་་་ཐར་མ་སོང་།ཁོང་ཁྲོ་བ་ཞིག་ལ་རྒྱུན་དུ་ང་ཚོས་ཟས་ཀྱི་ཕུད་དང་བཏུང་བའི་དྲྭངས་མ་རྐྱང་རྐྱང་གི་མཆོད་མྱོང་བའི་ཁམས་གསུམ་གཟིགས་པའི་སྤྱན་དང་སྲིད་གསུམ་བརླག་པའི་མཐུ་ནུས་ཀྱི་བདག་པོ་དེ་ཚོ་བག་ཕེབས་པོས་གཉིད་དུ་ཡུལ་འདི་ཨ་ཙི་་་་་་་་་ང་ཚོས་ཇི་ལྟར་བཟོད་སྒོམ་བྱེད་ཐུབ་བམ།ཆོས་སྐྱོང་སྲུང་མ་ཟེར་ཁོང་ཚོའི་མིང་ལ་ལྷ་ཆོས་སྐྱོང་སྲུང་མ་ཟེར།ཁོང་ཚོའི་འཇིགས་གཟིལ་དང་ཁྲོ་ཉམས་སྟོན་ས་ནི་གོས་ཆེན་གྱི་བསྐྲུན་པའི་ཐང་ཀ་དང་ལྷ་ཁང་ནང་གི་རྩིག་ངོས་ཁོ་ན་ཡིན་ལ་ཁོང་ཚོས་ཡུལ་ལུང་འདྲ་ཞིག་གི་བསྟན་དགྲ་ཅི་འདྲ་ཞིག་བཏུལ་མྱོང་མིན་ནི་སུ་ལའང་རྒྱུས་མེད་ཅིང་ཁོས་ཚོས་དུས་ནམ་ཞིག་གི་ཚེ་ཆོས་ལྡན་གྱི་རྒྱལ་ཁབ་ཆོས་བཞིན་སྐྱོང་བའི་ཡིད་ཆེ་ནི་དེ་བས་ག་ལ་བྱེད་ཕོད།ཆོས་ལྡན་གྱི་རྒྱལ་ཁབ་་་་་་་་་་་ལྟོས་དང་རྒྱ་དམར་གྱི་མེ་མདའ་དང་སྒྱོགས་མདེལ་གྱི་ཧྲག་བར་ན་ཆག་གྲུམ་འབུམ་དུ་འགྲོ་ལ་ཉེ་ཡང་སྣང་མེད་རེད་་་་་་་་་ཁོང་ཚོ་ད་དུང་སྣང་མེད་རེད།ཆོས་སྐྱོང་སྲུང་མ་་་་་་་་་་་ཧེངས་ཁོང་ཚོར་མིང་ཚིག་འདི་བཀོལ་མི་འདོད་་་་་་་་་་གཏན་ནས་བཀོལ་མི་འདོད།བསམ་ཞིང་བསམ་ན་ངའི་སྤུན་ཟླ་ཚོས་གནད་དོན་འདི་སྔ་མོ་ནས་རྟོགས་ཟིན་པ་འདྲ།རྒྱུ་མཚན་ནི་ཁོང་ཚོས་མི་རིགས་ཀྱི་དོན་དུ་རང་སྲོག་འབེན་ལ་བཙུགས་ཤིང་རྒྱལ་ཁབ་ཀྱི་དོན་དུ་ཁ་བ་རི་པའི་ལས་དབང་ལྕི་མོ་གཉའ་གཞུང་ལ་སྟེགས་ཏེ་ཐང་ཆེན་ཕ་མཐའ་མི་མངོན་པའི་ངོས་སུ་ཁྲག་གི་རྐང་རྗེས་ཐག་རིང་དུ་འཐེན་བཞིན་ཅི་ཡང་མི་མངོན་པའི་དབྱིངས་སུ་ཐིམ་པས་སོ།།འོ་་་་་་་་་སྐྱོ་གར་འདིས་གསལ་བཤད་བྱས་འདུག་པ་ནི་བོད་ཀྱི་བདག་པོ་བོད་མི་ཡིན་པ་མ་ཟད་ལྷ་གང་ཞིག་གིས་ང་ཚོར་མི་སྐྱོབ་ལ་འདྲེ་སུ་ཞིག་གིས་བརླག་པ་དེ་བས་མི་སྲིད་པའི་གནས་ལུགས་ང་ཚོར་ངོ་སྤྲད་འདུགང་ཚོར་བདེན་པ་དེ་ཁ་ཆེམས་སུ་བཞག་འདུགངའི་སྤུན་ཟླ་ཁྱེད་ཚོ་དེ་ལྟར་རེ་བ་དང་ཡིད་ཆེས་ཀྱི་རྨི་ལམ་རིང་མོ་མདུན་དུ་བསུས་ཏེ་ང་ཚོ་དང་བྲལ་མི་ཕོད་པའི་ཕྱི་མིག་ཡང་ཡང་བལྟ་བཞིན་ཕྱི་མའི་ལམ་ཆེན་དུ་ཞུགས་སོང་།ངའི་སྤུན་ཟླ་ལགས་་་་་་་་་་་་གཤེགས་ཟིན་པའི་དཔའ་བོ་དང་དཔའ་མོ་ལགས།སྙིང་རྗེ་མེད་པའི་ལས་དབང་གིས་ཁྱེ་ཚོ་གང་དུ་འཁྲིད་མིན་ངས་མི་ཤེས་ཀྱང་་་་་ཁྱེད་ཚོའི་རྣམ་ཤེས་འཁྱམ་པོ་ང་ཚོར་འཁྲེང་ཞིང་འཁོར་བ་ནས་ཡོད་པའི་ཡིད་ཆེས་ང་ལ་ལཡོད་པས་་་་་་་་་་་དེ་རིང་ངས་ཁྲག་འཐོར་རུས་ཆག་གི་༼༢༠༠༨༽་ཀྱི་ལོ་ཟླ་རྒྱབ་ཏུ་བསྐྱུར་ནས་བཟང་ངན་དཔག་དཀའ་བའི་༼༢༠༠༩༽་ ལོ་ཟླ་མདུན་དུ་བསུ་བ་དང་ཆབས་ཅིག་་་་་་་་་་་་འདི་ནི་མི་ཡུལ་དང་གྱེས་ཟིན་པའི་སྤུན་ཟླ་ཁྱོད་ཚོར་ཕུལ་བའི་རྗེས་དྲན་གྱི་མིག་ཆུ་ཁྱོར་བ་གང་ཁོ་ན་ལགས།། །།གསུམ་བཅུ་དུས་དྲན་གྱི་དགོང་མོར་བྲིས།