ཤྲཱི་ལངྐའི་སྟག་གྱེན་ལངས་ཚོགས་པའི་དཀའ་ངལ།
སྔོན་དབྱིན་ཇིས་ཤྲཱི་ལངྐའི་བཟུང་བའི་སྐབས་རྒྱ་གར་གྱི་མི་རིགས་དེ་དག་གཡོག་པོར་ཉར་ནས་བསྡད་པ་དང༌། ཕྱིས་སུ་རིམ་གྱིས་རྒྱ་གར་གྱི་མི་རིགས་དེ་དག་ཤྲཱི་ལངྐའི་བྱང་ཕྱོགས་ཀྱི་ས་ཁུལ་དུ་གཏན་སྡོད་བྱས་ནས། ས་ཁུལ་དེ་གྲངས་ཉུང་མི་རིགས་རྣམས་ཀྱིས་ཐོབ་ཐང་རྩོད་ལེན་བྱེད་སའི་ལྟེ་གནས་ཆགས་པས། རྗེས་སུ་ས་ཁུལ་དེ་ཏཱ་མིལ་ན་ཌུས་གྲངས་ཉུང་མི་རིགས་ལ་དབང་བའི་རང་བཙན་ཅན་གྱི་ས་ཁུལ་ཡིན་ཞེས་དྲིལ་བསྒྲགས་བྱས་ཡོད་པ་རེད།
ཕྱི་ལོ་༡༩༧༦ ལོར་ཏཱ་མིལ་གྱི་སྟག་བཅིངས་འགྲོལ་ཚོགས་པ་ཟེར་བ་བཙུགས་པ་དང༌། ཏཱ་མིལ་ཟེར་བའི་ཚིག་གི་དོན་ནི་གྲང་ཉུང་མི་རིགས་དེ་རྒྱ་གར་གྱི་མངའ་སྡེ་ཏཱ་མིལ་ན་དྷུ་ནས་མར་ཡོང་ཡོད་པའི་རྒྱུ་མཚན་གྱིས། མངའ་སྡེའི་མིང་གི་མགོ་དེ་ཤྲཱི་ལངྐར་གསར་དུ་བཙུགས་པའི་གྱེན་ལངས་ཚོགས་པ་དེའི་མིང་གི་ཐོག་མར་བཞག་ཡོད་པ་རེད།
རིམ་གྱིས་ཚོགས་པ་དེ་ཤུགས་ཆེ་རུ་ཕྱིན་པ་དང་གོ་མཚོན་དང་དམག་སྦྱོང༌། དེ་བཞིན་ལོ་འགའི་སྔོན་དུ་ཤྲཱི་ལངྐས་གཞུང་ལ་གནམ་ཐོག་ནས་དྲག་གནོན་བྱས་ཡོད་པས། རྒྱལ་སྤྱིའི་ཁྲོད་ནས་སྟག་གྱེན་ལངས་ཚོགས་པ་ལ་དམག་དཔུང་འཇིགས་སྐུལ་རིང་ལུགས་ཞེས་བརྗོད་ཀྱི་ཡོད་པ་རེད།
ཕྱི་ལོ་༡༩༩༡ ལོར་རྒྱ་གར་གྱི་སྲིད་བློན་སྐབས་བདུན་པ་ར་ཇིབ་གྷ་དིན་དང་ཤཱི་རིའི་ལང་གྷ་གཞུང་གཉིས་ཟླ་བསྒྲིལ་ཏེ་སྟག་གྱེན་ལངས་ཚོགས་པར་ཁ་གཏད་གཅོག་རྒྱུ་བྱས་ནས་ཡུན་རིང་མ་སོང་བར། བུད་མེད་མེ་ཏོག་ཁྱེར་མཁན་ཞིག་གིས་ལུས་ལ་འབར་རྫས་བསྡམས་ཏེ་སྲིད་བློན་གྱི་རྐང་པར་གུས་ཕྱག་འབུལ་བའི་ཚུལ་བྱས་ཏེ། སྲིད་བློན་དང་ལས་རོགས་སོགས་ལྐོག་གསོད་གཏོང་མཁན་ཡང་སྟག་གྱེན་ལངས་ཚོགས་པ་འདི་དང་འབྲེལ་བ་ཡོད་པ་རྗེས་སུ་ཤེས་རྟོགས་བྱུང་ཡོད་པ་རེད།
སྟག་གྱེན་ལངས་ཚོགས་པས་ཐེངས་༤ ཙམ་ལ་ཤྲཱི་ལངྐ་དང་དབུས་གཞུང་བར་ཞི་བའི་གྲོས་མོལ་བྱས་ཡོད་ཀྱང་དོན་ཕན་གང་ཡང་བྱུང་མེད་པ་དང༌། མི་ལོ་བཅུ་ཕྲག་གཉིས་ཙམ་གྱི་རིང་ལ་ནང་འཁྲུག་ལངས་ནས་ཉེས་མེད་མི་མང་སྟོང་ཕྲག་མང་པོའི་སྲོག་ཤོར་བཞིན་ཡོད་པས། ཕྱི་ལོ་༢༠༠༩ ནས་འགོ་བཙུགས་ཏེ་དབུས་གཞུང་གིས་གོ་མཚོན་རང་འགྲིག་གི་གཞུང་དམག་སྟོང་ཕྲག་མང་པོ་བཏང་ནས། སྟག་གྱེན་ལངས་ཚོགས་པ་དང་དམག་འཁྲུག་ཧ་ཅང་གཞི་རྒྱ་ཆེན་པོ་བྱས་ཡོད་པས། དེང་སྐབས་ཤྲཱི་ལངྐའི་བྱང་ངོས་ཀྱི་ས་ཁུལ་ཁག་ཏུ་མི་གྲངས་༡༠༠༠༠༠ ལྷག་ཙམ་གྱིས་ཁྱིམ་གཞིས་དོར་ནས་ཡུལ་གཞན་ལ་སྐྱབས་བཅོལ་དུ་འགྲོ་བཞིན་ཡོད་པ་རེད།
ས་གནས་དེ་དག་ཏུ་རྒྱལ་སྤྱིའི་གསར་འགོད་པ་སོགས་བཀག་འགོག་བྱས་ཏེ་དམག་འཁྲུག་གཞི་རྒྱ་ཆེན་པོ་རྒྱག་བཞིན་ཡོད་པ་དང༌། གཞུང་ངོས་ནས་དམག་འཁྲུག་རྒྱག་ཐེངས་གཅིག་གིས་རྩ་མེད་གཏོང་འཆར་ཡོད་ཀྱང༌། སྟག་ཚོགས་པའི་རྒྱབ་ཏུ་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་མང་པོ་ལངས་ནས། གཞུང་གིས་འཆར་གཞི་བཏིང་བ་བཞིན་ཧ་ཅང་སྒྲུབ་ཁག་པོ་ཡོད་པས། དེང་སྐབས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་ཡུ་རོབ་སོགས་ཀྱིས་ཐེ་གཏོགས་བྱེད་བཞིན་ཡོད་པ་རེད།
དབུས་གཞུང་གིས་དམག་མཚམས་འཇོག་མ་ཤེས་པ་དང་སྟག་གྱེན་ལངས་ཚོགས་པས་མགོ་བཏགས་མ་ཞུས་པའི་རྐྱེན་གྱིས། དམག་འཁྲུག་ད་དུང་ཡང་མཚམས་ཆད་མེད་པས་ཡུལ་མི་མང་པོ་ཞིག་གི་ཚེ་སྲོག་དང་འཚོ་བ། སྡོད་གནས་བཅས་ལ་ཧ་ཅང་དཀའ་ངལ་ཆེན་པོ་འཕྲད་དེ་དམག་འཁྲུག་འདི་དེང་སྐབས་རྒྱལ་སྤྱི་ཅན་དུ་འགྱུར་བཞིན་ཡོད་པས། སྟོབས་ཆེན་རྒྱལ་ཁབ་དང་ཆབ་སྲིད་མི་སྣ་སོགས་ཀྱིས་དོ་སྣང་བྱེད་ཡུལ་ཆེ་ཤོས་ཤིག་ཆགས་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།