སྨན་པ་དེ་བཤའ་བཅོས་བྱེད་མཁན་ཞིག་རེད་ལ་གསར་པ་ཡང་མ་རེད།
ཁོང་གིས་གསུང་དོན། སྤྱི་ཚོགས་ནང་སྐད་ཆ་བཤད་པ་དེ་ང་ཚོས་བཀག་ཐུབ་ཐབས་ཡོད་མ་རེད། སྤྱིར་བཏང་སྨན་པ་དེ་བཤའ་བཅོས་བྱེད་མཁན་ཞིག་རེད་ལ་གསར་པ་ཡང་མ་རེད་ཕལ་ཆེར་ལོ་གྲངས་༡༠ རིང་ལ་འདིར་ཡོང་ཡོད་པ་རེད། མཱ་ན་ལའི་ཡེ་ཤུའི་སྨན་ཁང་ཞིག་གི་ནང་ནས་ལོ་རེར་འདིར་ཐེངས་གཉིས་རེ་ཡོང་གི་ཡོད་རེད་ལ། ང་ཚོ་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། དེ་བཞིན་ཁོ་རང་བཤའ་བཅོས་ཀྱི་མཐུན་རྐྱེན་མེད་སའི་ས་གནས་མང་པོ་ཞིག་ལ་འགྲོ་ཡི་ཡོད་པ་རེད། བདེ་ལེགས་སྨན་ཁང་ནས་མོ་ཊའི་གླ་དོད་སྒོར་༥༠༠༠ ཕུལ་ནས། ཞལ་ལག་དང་བཞུགས་ས་མགྲོན་ཁང་ཡག་པོ་ཞིག་གོ་སྒྲིག་བྱས་པ་མ་གཏོགས་གཞན་འགྲོ་སོང་གང་ཡང་ཡོད་མ་རེད། ཁོ་རང་གིས་བཤའ་བཅོས་དེ་ནད་པ་ཛ་དྲག་མིན་པའི་རིགས་མང་པོ་བྱས་ཡོད་པ་རེད། གལ་སྲིད་བཤའ་བཅོས་དེ་རིགས་རྒྱལ་སའི་སྨན་ཁང་ལ་འགྲོ་དགོས་ན་སྒོར་ཉིས་ཁྲི་སུམ་ཁྲིའི་སྐད་ཆ་རེད། འདི་གར་སྨན་པས་བེད་སྤྱད་པའི་བཤའ་བཅོས་ཀྱི་ལག་ཆའི་རིགས་ལ་མང་ཤོས་སྒོར་ཉིས་སྟོང་སུམ་སྟོང་ལེན་གྱི་ཡོད་པ་རེད། དངུལ་དེ་ནས་བདེ་ལེགས་སྨན་ཁང་ལ་ཁེ་བཟང་གང་ཡང་ཡོད་མ་རེད་ལ་ཉམ་ཐག་སྐྱོ་པོ་ཡིན་ན་ང་ཚོས་རིན་མེད་ཐོག་ནས་གཏོང་གི་ཡོད་རེད་ཅེས་དང༌། ད་ལྟ་ཛ་དྲག་མིན་པའི་རིགས་ལ་སྨན་བཅོས་བྱེད་ཀྱི་ཡོད་རེད་གསུངས་སོང་བས། ཁ་སང་གྲོངས་མཁན་གྱི་བུད་མེད་དེ་ཛ་དྲག་ནད་པ་རེད་དམ་ཅེས་དྲིས་པར། ཁོང་གིས། ཛ་དྲག་མ་རེད་ཁ་སང་དེ་བཤའ་བཅོས་དང་འབྲེལ་བ་ཡོད་མ་རེད། བཤའ་བཅོས་མ་བཏང་བའི་སྔོན་ལ་གཟུགས་པོའི་སྨད་ལ་སྤྲིད་སྨན་རྒྱག་གི་ཡོད་རེད། སྐབས་དེར་ནད་པས་སྐད་ཆ་བཤད་ནས་རྒྱུན་ལྡན་རང་རེད། ཡིན་ནའང་གློ་བུར་དུ་སྙིང་གས་ནས་གྲོངས་པ་ཞིག་རེད་མ་གཏོགས། བཤའ་བཅོས་བྱེད་དགོས་པ་དེ་ཆབ་གཅིན་འགྲོ་ས་དང་བཤང་ལམ་གཉིས་ཀྱི་བར་གཙང་མ་བྱེད་དགོས་པ་དེ་རེད། སྨན་པས་ཀྱང་རྒྱུན་ལྡན་གྱི་སྤྲིད་སྨན་སོགས་བེད་སྤྱད་ཡོད་པས་ཁོ་རང་ལ་བཤད་ཚོད་མ་ཐིག་པ་ལྟ་བུ་བྱུང་ཡོད་རེད། ཡིན་ནའང་ཆུ་ཚོད་༢ རིང་ཛ་དྲག་མྱུར་སྐྱོབ་ཀྱི་ཐབས་ཤེས་བྱས་པ་རེད་དེ་མཐར་གནས་ཚུལ་དེ་བྱུང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།
བདེ་ལེགས་སྨན་ཁང་དུ་ཕྱི་རྒྱལ་བ་མང་པོ་ཞིག་གིས་སྨན་བཅོས་བྱེད་ཀྱི་ཡོད་པ་དང༌། འགའ་རེ་སྦྱོང་བརྡར་གྱི་ཆེད་དུ་ཡོང་གི་ཡོད་རེད་ཟེར་ནས་ཤོད་མཁན་མང་པོ་འདུག་པས་འདིའི་ཐད་དགོངས་ཚུལ་གང་ཡོད་ཅེས་དྲིས་པར། ཁོང་གིས་གསུང་དོན། སྔོན་མ་ཕྱི་རྒྱལ་ཡོང་མཁན་ཚོ་ཚད་ལྡན་རེད། ཡིན་ནའང་ནུབ་ཕྱོགས་མིས་སྨན་བཅོས་བྱེད་སྟངས་དང་བོད་པའི་བསམ་བློ་འཁྱེར་སྟངས་ལོགས་ཀ་རེད། ཕྱི་རྒྱལ་ཚོས་ན་ཚ་ལ་དོགས་པ་ཟ་ན་དེབ་ལ་ལྟ་ཡི་ཡོད་པས་ཤེས་ཀྱི་ཡོད་ས་མ་རེད་དྲན་གྱི་ཡོད་རེད། དེ་ཚོ་སྔོན་མའི་ལོ་རྒྱུས་རང་རེད། དེང་སང་དྭངས་བླངས་སྨན་པ་ལེན་རྒྱུ་དེ་མཚམས་བཞག་ནས་ལོ་༣ ཙམ་འགྲོ་ཡི་ཡོད་རེད། དཔེར་ན། ང་འགན་འཛིན་ཆགས་ནས་ལོ་༣ ཙམ་སོང་ཡོད། དེའི་རིང་དྭངས་བླངས་སྨན་པ་བླངས་ཡོད་པ་མ་རེད། རེ་གཉིས་ཡོད་ནའང་ཚད་ལྡན་ཤ་སྟག་རེད། དེ་མ་གཏོགས་བོད་པ་ཤ་སྟག་རེད་ལ་རྒྱ་གར་གྱི་སློབ་གྲྭ་ཁག་ནས་ཐོན་པ་རྐྱང་རྐྱང་རེད་ཅེས་དང༌། ད་ལྟ་དྭངས་བླངས་སྨན་པ་སྔོན་ལྟར་མི་ལེན་པའི་རྒྱུ་མཚན་གང་ཡིན་ཞེས་དྲིས་པར། ཁོང་གིས་གསུང་དོན། དང་པོ་དེ་སྤྱི་ཚོགས་ཁྲོད་ནས་ཁྱེད་རང་གི་ལབ་པ་བཞིན་ཕྱི་རྒྱལ་བ་ཚོ་སྦྱོང་བརྡར་བྱེད་མཁན་རེད་འདུག་ཟེར་ནས་བསམ་ཚུལ་ཞིག་ཡོད་པ་རེད། གཉིས་ནས་སྐབས་དེར་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་བཞིན་དེང་སང་ཡོད་པ་མ་རེད། གསུམ་ནས་དེང་སང་བོད་པ་སྨན་པ་མང་པོ་ཆགས་ཡོད་པས། ང་ཚོས་གང་ཐུབ་ཐུབ་དྭངས་བླང་བ་ལེན་མི་དགོས་པར་སྤྱི་ཚོགས་རང་ཉིད་ཀྱི་ན་ཚ་བཅོས་ཐུབ་མཁན་དང་དགོས་མཁོ་ལ་བསྟུན་ཏེ་བོད་པའི་སྨན་པ་ལེན་གྱི་ཡོད་རེད་ཅེས་གསུངས་སོང༌།
སྤྱི་ཚོགས་ཁྲོད་ནས་བདེ་ལེགས་སྨན་ཁང་གི་སྨན་གཡོག་གི་ལག་རྩལ་སྐྱོ་པོ་ཡིན་པ་དང༌། སྨན་སོགས་སྤྲོད་སྟངས་ཐད་ལ་འདོད་པ་ཁེངས་ཀྱི་མེད་སྐོར་བཤད་མཁན་ཡོད་པས། དེའི་ཐད་ལ་དགོངས་ཚུལ་གང་ཡོད་ཅེས་དྲིས་པར། ཁོང་གིས་གསུང་དོན། བསམ་ཚུལ་དེ་ཚོ་ཚད་ལྡན་མ་རེད། སྨན་གཡོག་ཚང་མ་ཚད་ལྡན་ཡིན་ལ། ད་དུང་ཚད་ལྡན་སྨན་གཡོག་མང་པོར་ལས་ཀ་སྤྲོད་མི་ཐུབ་པའི་དཀའ་ངལ་འདུག སྔོན་མ་ཡིན་ན་སྨན་གཡོག་ཟླ་བ་གསུམ་ཙམ་སྦྱོང་བརྡར་བྱས་ཡོད་པ་དང་དམག་སྒར་ནས་སྨན་གཡོག་གི་སྦྱོང་བརྡར་ཡོད་ཟེར་ནས་ཡོང་མཁན་ཡོད་རེད། དེ་ཚོའང་ཕལ་ཆེར་ཚད་ལྡན་རེད་བསམ་གྱི་ཡོད། ལོ་བཅུ་བཅོ་ལྔ་ཙམ་རིང་ནས་ད་ལྟའི་བར་ཚད་ལྡན་གྱི་ལག་ཁྱེར་ཡོད་མཁན་ཤ་སྟག་ལེན་གྱི་ཡོད་པ་རེད། སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ཁྲོད་ནས་སྐད་ཆ་གཅིག་བདེན་པ་ཡིན་མིན་གྱི་གནས་ཚུལ་ཧ་མི་གོ་བའི་ཐོག་ནས། སྐད་ཆ་འདྲ་མིན་བསྣན་ནས་བཤད་རྒྱུ་ལ་དགའ་པོ་དང་རང་མི་རིགས་ཀྱི་ཚོགས་པར་ཁ་གཏོང་བའི་སྐད་ཆ་འདྲ་མིན་བཤད་རྒྱུ་དེ། ངའི་ངོས་ནས་དེ་སྤྱི་ཚོགས་ཀྱི་ན་ཚ་རེད་འདུག་ལ་ཡག་པོ་ཁྱོན་ནས་མི་འདུག གལ་སྲིད་དངོས་གནས་དོགས་གཞི་ཡོད་ན་ཁྱེད་རང་འདིར་ཡོང་བ་བཞིན། གནས་ཚུལ་དེ་འདྲ་ཞིག་སྤྱི་ཚོགས་ནང་འདུག་དེ་ག་འདྲ་རེད་ཟེར་ན། གཅིག་གིས་གཅིག་ལ་འགན་ཁུར་ལན་འདེབས་བྱེད་སའི་སྡིངས་ཆ་ཞིག་ཆགས་པ་རེད། ངས་དེ་རིང་བརྒྱུད་ལམ་འདི་བརྒྱུད་ནས་ཞུ་འདོད་པ་ཞིག་ནི། ཁྱོད་རང་ལྟར་དངོས་སུ་ཡོང་ནས་སྐད་ཆ་དྲིས་ཏེ་གནས་ཚུལ་གསལ་པོ་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ངའི་སྐད་ཆ་འདི་བརྒྱུད་ལམ་ཐོག་ཐོན་ནའང་འདྲ་མ་ཐོན་ནའང་འདྲ། གང་ལྟར་མི་གཅིག་གིས་དོ་སྣང་བྱས་ཏེ་ཁ་ཐུག་འབྲེལ་ཡོད་མི་དེ་ལ་སྐད་ཆ་དྲིས་པ་དེ། ངས་མི་གཅིག་ལ་གནས་ཚུལ་དེ་འདྲ་རེད་ཟེར་ནས་དེ་ལ་དཔག་པའི་ལན་བརྒྱབ་ནས་བློ་ཁ་ཁེངས་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་རེད། དེ་ལས་གཞན་གནས་ཚུལ་དངོས་ཡོད་མ་ཤེས་ནས་སྤྱི་ཚོགས་སྡེ་ཚན་དེ་ལ་དམའ་འབེབས་སོགས་བྱས་ན་ཐབས་སྐྱོ་པོ་རེད་བསམ་གྱི་འདུག བདེ་ལེགས་སྨན་ཁང་དུ་ཉམ་ཐག་ཡིན་ཟེར་ནས་ཡོང་དུས་ང་ཚོས་ཕྱིར་སླཽག་བྱེད་ཀྱི་ཡོད་མ་རེད། ང་ཚོས་འདི་ནས་མི་མང་ལ་ག་ཚོད་ཕན་ཐོགས་བྱས་ཡོད་རེད། དེ་རིང་གནས་ཚུལ་འདི་ལའང་ང་ཚོས་དོ་བདག་དང་ཐུག་ནས་སྐད་ཆ་བཤད། ཆ་ཚང་བྱས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།།
