ཐད་ཀར་བྲིས་པའི་ཀ་བཤད།

ཏ་ལའི་བླ་མས་བོད་རིགས་སྤུན་ཟླ་རྣམས།།
ཐ་ན་མི་རིགས་གཅིག་པའི་ལ་རྒྱ་ནས།།
ད་ཆ་ཕན་ཚུན་འཆམ་མཐུན་བྱེད་དགོས་པའི།།
ན་རེར་བཀའ་སློབ་གནང་བ་སེམས་ལ་འཇོག།

པཱ་ཕ་ཨ་མའི་རིགས་རྒྱུད་བརྩད་གཅོད་ན།།
ཕ་མ་གཅིག་པའི་སྤྲེལ་ཕྲུག་ཤ་སྟག་ཡིན།།
བ་རྒྱ་ལྟ་བུ་སྤུན་ཟླའི་འབྲེལ་ལམ་དེ།།
མ་ཤི་བར་དུ་ཡིན་ཅིག་སེམས་ལ་ཞོགས།

ཙ་གེ་ཙིག་གེ་གནད་དོན་གྱོང་རེག་དུས།།
ཚ་བ་འབར་ནས་སྤུན་ཟླ་ནང་ཁུལ་དུ།།
ཛ་དྲག་ཡིན་མདོག་ཆོལ་ཁའི་སྟོང་རྩོད་ཀྱིས།།
ཝ་མོ་བཞིན་དུ་དཀྲུག་ཤིང་མ་བྱེད་རོགས།།

ཞ་ར་ཡིན་ཡང་བོད་རིགས་ཡིན་ཙ་ན།།
ཟ་མ་ཡིན་ཡང་གང་ཐུབ་བགོས་ནས་བྱིན།།
འ་བེ་འུབ་བེ་ཅུང་ཟད་ཤོར་ན་ཡང་།།
ཡ་མེད་བྱས་ནས་བཞག་པ་ག་ལ་ཕོད།།

ར་ས་ཕོ་ཉས་འདི་ལྟར་བཤད་པ་ལ།།
ལ་ལས་ཚིག་གི་ཟེར་ཟླ་འཕེན་ངེས་ཀྱང་།།
ཤ་ཁྲག་གཅིག་པའི་ལ་རྒྱའི་ཚིག་ཡིན་ན།།
ས་ལེ་སྦྲམ་བཞིན་རིན་ཐང་རྩིས་ངེས་ཡིན།།

ཧ་བེ་ཧོབ་བེས་ཡི་གེ་དག་ཆ་སོགས།།
ཨ་ཙི་ཏོག་ཙམ་ནོར་འཁྲུལ་ཤོར་སྲིད་ནའང་།།
ཧ་ལོ་ནག་པོའི་སེམས་པ་ཅང་མེད་སྟབས།།
ཨ་རོགས་ཁྱེད་རྣམས་འཚིག་པ་མ་ཟོས་ཨང་།།