གཞིས་སྤྱིའི་ལྷ་མོ་ཚོགས་པ།

    ཐོག་མར་ལྷ་མོའི་ཚོགས་གཙོ་བསོད་ནམ་དཔལ་ལྡན་ལགས་ཀྱིས་ལོ་འཁོར་ལས་བསྡོམས་ནང་གསུང་དོན། ཕྱི་ལོ་༢༠༠༨ ཟླ་བ་༤ ཚེས་༢༦ ནས་ཕྱི་ལོ་༢༠༠༩ ཟླ་བ་༤ ཚེས་༢༧ བར་ལས་དོན་བྱས་པ་ཁག་དང། དངུལ་ཚུལ་བྱུང་བ་༥༧༨༢༠༢ དང༌། ཕར་སོང་ཁྱོན་བསྡོམས་༡༦༢༨༣༩ བཅས་ཀྱི་ལས་བསྡོམས་སྒྲོགས་སྦྱང་གསལ་བཤད་གནང་བ་དང༌། དེ་ཚོ་གཙོ་བོ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད། ལས་འགུལ་སྣ་ཚོགས་སྤེལ་བའི་ཚོགས་སྡེ་ཁག་དང་དངོས་འབྲེལ་གྱི་འགྲོ་སོང་གང་ཐུབ་བཏང་ཡོད་པ་དང༌། དེ་བཞིན་འཛིན་ཆས་དང་འབྲེལ་ཡོད་ཆེད་འགྲོ་སོང་བཏང་སྐོར་དང༌། ཚུལ་ལ་ཡང་རྒྱ་ཆེའི་མི་མང་གིས་འབྲེལ་འཇོགས་གང་མཚམས་གནང་ཡོད་པ་སོགས་རེ་རེ་བཞིན་འབྲེལ་བརྗོད་གནང་སོང༌། མ་འོངས་པ་ཡང་མོན་གྷོ་ས་གནས་ས་ཐོག་འདིར་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བཅུ་ཙམ་ཡོད་པ། ང་ཚོ་ཚང་མ་མཉམ་འབྲེལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་རྒྱ་ཆེན་པོ་སྤེལ་ན་ཡག་པོ་རེད་བསམ་གྱི་འདུག དེ་བཞིན་ལྷ་མོའི་འཁྲབ་སྟོན་དེ་ཡང་རིགས་གཞུང་སྲུང་སྐྱོབ་ཀྱི་ཆ་ཤེས་གལ་ཆེན་ཞིག་ཡིན་པས། དེ་རིང་འདིར་ཕེབས་ཡོད་པ་ཚང་མའི་ལྷ་མོའི་འཁྲབ་གཞུང་དེ་ཡར་རྒྱས་གོང་འཕེལ་གཏོང་སྐོར་ལ་ཐུགས་ཁུར་ཆེ་བཞེས་གནང་རོགས་ཞེས་འབོད་བསྐུལ་གནང་སོང༌། སྐུ་མགྲོན་གཙོ་བོ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་ཀྱིས། ཁྱེད་རང་ཚོའི་ཕྱག་ལས་གནང་ཕྱོགས་ལ་རྗེས་སུ་ཡི་རངས་དང་ལེགས་གསོལ་བསྔགས་བརྗོད་ཡོད། ལྷག་དོན་ལྷ་མོའི་འཁྲབ་གཞུང་དེ་རིགས་གཞུང་སྲུང་སྐྱོབ་ཀྱི་ཆ་ཤེས་གལ་ཆེན་ཞིག་ཡིན་སྐོར་ྋགོང་ས་སྐྱབས་མགོན་མཆོག་གིས་ཐེངས་མང་གསུངས་ཡོད་པས། ང་ཚོའི་ངེས་པར་དུ་གང་ཐུབ་ཐུབ་ཀྱི་ལྷ་མོའི་འཁྲབ་གཞུང་དེ་ཡར་རྒྱུས་གཏོང་དགོས་པ་མ་ཟད་མ་འོངས་པ་ན་ང་ཚོའི་ལྷ་མོའི་ཚོགས་པ་དེ་ཚོགས་སྟེ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་ཅེས་ལམ་སྟོན་གསུང་བཤད་གནང་སོང༌།
            མོན་གྷོ་གསར་འགོད་པས།