དང་པོ་ནས་ལས་ཀ་གཙང་མ་ཕྱི་གསལ་ནང་གསལ་གལ་ཆེན་པོ་རེད།

    ཉིན་དེར་སྙིང་སྟོབས་གླིང་གི་འགན་འཛིན་སྤྱི་འཐུས་ངག་དབང་ལྷ་མོ་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་ཞུས་པ་དང། ༸གོང་ས་མཆོག་གིས་སྐར་མ་༥ ཙམ་གྱི་རིང་ལམ་སྟོན་བཀའ་སློབ་གནང་དོན། སྐབས་རེར་དབང་པོ་སྐྱོན་ཅན་བོད་ནས་ཡོང་མཁན་ཡོད་པ་རེད། རྒྱ་གར་ནང་དུ་དབང་པོ་སྐྱོན་ཅན་ཡོད་པ་རེད། དེ་ཚོའི་རིགས་དབང་པོ་སྐྱོན་ཅན་རེད་ཅེས་སྙིང་རྗེའི་ཡུལ་ལྟ་བུ་བདག་མེད་ལུས་པ་ཡིན་ན་ཐབས་སྐྱོ་པོ་རེད། འཛམ་བུ་གླིང་གི་ཡར་ཐོན་ཅན་གང་སར་དབང་པོ་སྐྱོན་ཅན་ལ་དམིགས་བསལ་གྱིས་སློབ་སྦྱོང་སྤྲོད་རྒྱུའི་ཐབས་ཤེས་དང།  ལུས་པོའི་འཕྲོད་བསྟེན་དང། ལུས་པོའི་སྦྱོང་བརྡར་ཐོག་ནས་ནད་བཅོས་ཐབས་བྱེད་པ་དང། ལག་རྩལ་སློབ་སྦྱོང་སྤྲོད་པ་དེ་འདྲ་བྱས་བསྡད་ཡོད་པ་རེད། ཨི་ཊ་ལིའི་ནང་དུ་དབང་པོ་སྐྱོན་ཅན་ལ་སློབ་སྦྱོང་སྤྲོད་ས་དེ་འདྲ་འདུག ང་ཚོ་བོད་མིའི་སྤྱི་ཚོགས་ནང་ལའང་ངེས་པར་དུ་དགོས་པ་ཞིག་ཡིན་པས། རིམ་པས་རིམ་པས་འབྲེལ་བ་འདྲ་བཙུགས་བཞག་ཡོད་པ་རེད།  དེ་ཚོ་ཡག་པོ་བྱུང་འདུག ད་དུང་གཙོ་བོ་ཚགས་ཚུད་པོ་དགོས་པ་དེ་གལ་ཆེན་པོ་རེད། དམིགས་ས་དེ་དབང་པོ་སྐྱོན་ཅན་གྱི་འགན་ཁྲིའི་བཟོ་འདྲ་ལ་དམིགས་བཞག་པ་ཞིག་ཡིན་པས། དེར་གཙོ་བོ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་འདུག ད་ལྟ་ལས་བསྡོམས་ནང་དུ་བཀོད་པ་ཡག་པོ་བྱུང་འདུག་ལ། ད་དུང་ཡར་རྒྱས་གཏོང་དགོས་པ་ག་རེ་འདུག་བསམ་བློ་ཡག་པོ་གཏོང་དགོས་པ་རེད། ལས་ཀ་ག་རེ་ཡིན་ནའང་ཕྱི་གསལ་ནང་གསལ་གཙང་མ། ཚང་མས་ཡིད་ཆེས་བྱེད་ཆོག་པ་དེ་གལ་ཆེན་པོ་རེད་འདུག སྐབས་རེར་ལས་ཀའི་རིགས་ཁ་ཤས་ལ་གླེང་གཞི་དེ་འདྲ་ལྷགས་སྡོད་པ་ཡོང་གི་འདུག དང་པོ་ནས་ལས་ཀ་གཙང་མ་ཕྱི་གསལ་ནང་གསལ་གལ་ཆེན་པོ་རེད། ཁྱེད་རང་ཚོ་དབང་པོ་སྐྱོན་ཅན་གཟུགས་པོའི་གནས་སྟངས་ལ་ཕྲན་བུ་དཀའ་ངལ་ཡོད་མཁན་ཚོས་ཞུམ་པ་བྱེད་རྒྱུ་ཡོད་པ་མ་རེད། གཙོ་བོ་མིའི་ཀླད་པ་ཡོད་པས། ག་རེ་ཡིན་ནའང་བྱེད་ཐུབ་བསམ་པའི་སེམས་ཤུགས་དེ་སྐྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད།
    ཁོང་གིས་མུ་མཐུད་གསུང་དོན།    ལས་ཀ་བྱེད་མཁན་ཚོས་དབང་པོ་སྐྱོན་ཅན་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་པ་མ་ཡིན་པར། ང་ཚོ་ཚང་མ་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པ་རེད། མི་གཅིག་པ་རེད། མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་བྱམས་བརྩེ་སྤྲོད་རྒྱུ་དང། སྙིང་སྟོབས་དང་སྤོབས་པ་སློབ་རྒྱུ་གལ་ཆེན་པོ་རེད། དེའི་ཐོག་སོ་སོར་ལག་རྩལ་གྱི་ནུས་པ་དང་བསྟུན་པའི་ག་རེ་བྱེད་ཐུབ་ཀྱི་འདུག དེ་འདྲ་བྱེད་ཐུབ་ན་ཆོས་ཕྱོགས་ནས་བཤད་ན། གཞན་ཕན་གྱི་བྱ་བ་རླབས་ཆེན་པོ་རེད། སྐྱབས་མེད་པ་མགོན་མེད་པ་དེ་ཚོར་རོགས་བྱེད་པ་དེ་གཞན་ཕན་གལ་ཆེ་ཤོས་རེད། མི་ཆོས་ཀྱི་ཐོག་ནས་བཤད་ནའང། མིའི་སྤྱི་ཚོགས་ནང་འདྲ་མི་འདྲ་རེད། ལས་ཀྱི་ཐོག་ནས་བཤད་ནའང་རེད། རྒྱུ་རྐྱེན་ཐོག་ནས་ག་རེ་ཡིན་ནའང། རྐྱེན་སྣ་ཚོགས་ཀྱི་དབང་གིས་དེ་འདྲ་ཞིག་ཡོང་སྡོད་ཀྱི་ཡོད་པས། སྐྱོ་པོ་དང་དཀའ་ངལ་ཡོད་མཁན་ཚོར་དམིགས་བསལ་གྱི་ལྟ་རྟོགས་བྱེད་རྒྱུ་དེ་འཇིག་རྟེན་མི་ཆོས་ཀྱི་རྩ་བ་ཞིག་ཆགས་བསྡད་ཡོད་པ་རེད། ང་ཚོ་བོད་མི་བཙན་བྱོལ་བའི་ནང་དུ་དཀའ་ངལ་ཡོད་མཁན་ཚོར་དམིགས་བསལ་གྱིས་ལྟ་རྟོགས་བྱེད་རྒྱུ་ཞིག་ཡོང་བ་དེ་གནད་འགག་ཆེན་པོ་ཆགས་བསྡད་ཡོད་པ་རེད། ཧུར་ཐག་བྱེད་རོགས་གྱིས་ཞེས་བཀའ་སློབ་གནང་ཡོད་པ་རེེད།
ཉིན་དེར་༸གོང་ས་མཆོག་གི་ནོར་གླིང་ཉེ་འཁྲུས་སུ་ཡོད་པའི་ཐོས་བསམ་གླིང་བཙུན་དགོན་དུ་གཟིགས་སྐོར་གནང་བ་དང། ཆུ་ཚོད་༡༠ ཙམ་ལ་གྷ་གྷལ་ཉེ་འཁྲིས་སུ་ཡོད་པའི་འཇམ་དབྱངས་ཆོས་གླེི་བཙུན་དགོན་དུ་གཟིགས་སྐོར་གནང་གི་ཆིབས་བསྒྱུར་གནང་ཡོད་པ་རེད།