སྟག་གྱེན་ལངས་ཚོགས་པ་རྩ་མེད།
དེ་ཡང་སྟག་གྱེན་ལངས་ཚོགས་པ་དང་ཤྲིལངྐའི་དབུས་གཞུང་གཉིས་དབར་འཐབ་རྩོད་བྱས་ནས་མི་ལོ་༢༧ སོང་ཡོད་པ་དང༌། ལོ་དེ་དག་གི་རིང་ལ་ཉེས་མེད་མི་སེར་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་ཟད། ཤྲིལངྐའི་སྲིད་འཛིན་དང་སྲིད་བློན། དབུས་དམག་སྤྱི། གསར་འགོད་པ། རྒྱ་གར་གྱི་སྲིད་བློན་སོགས་མི་སྣ་གལ་ཆེན་མང་པོ། སྟག་གྱེན་ལངས་ཚོགས་པས་ལྐོག་གསོད་གཏོང་མྱོང་ཡོད་པ་རེད། དེ་བཞིན་གནམ་ཐང་དང་སློབ་གྲྭ ཚོང་གི་ལྟེ་གནས་ཁང་སོགས་མི་སྣ་མང་པོ་འཛོམས་སར་འབར་རྫས་གཡུགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྟག་གྱེན་ཚོགས་པ་དེ་མཚོ་དམག་དང། གནམ་དམག རྐང་དམག་སུམ་འཛོམས་ཀྱི་ཉེན་ཁ་ཅན་གྱི་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཤྲིལངྐའི་གཞུང་གིས་ཟླ་བ་གཅིག་གི་སྔོན་ནས་སྟག་གྱེན་ལངས་ཚོགས་པ་དང་དམག་འཐབ་འགོ་འཛུགས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཆེ་ཁག་གི་སྐྱོན་བརྗོད་ལ་མ་ལྟོས་པར། གཞུང་གི་རྩ་དོན་གཞིར་བཞག་ནས་དམག་འཐབ་མཐར་བསྐྱལ་བར་བརྟེན། སྟག་གྱེན་ལངས་ཚོགས་པའི་དམག་མི་མང་པོ་ཞིག་གིས་དུག་འཐུང་བ་དང་མེ་མདའ་རྒྱག་པ་སོགས་བྱས་ཏེ་རང་ཤི་རྒྱག་དགོས་བྱུང་ཡོད་པ་རེད།
དམག་འཁྲུག་གིས་རྐྱེན་བྱས་ནས་སྐྱབས་བཅོལ་ལ་འགྲོ་དགོས་བྱུང་བའི་ཡུལ་མི་ཚོ། ཚེས་༡༨ ནས་འགོ་བཙུགས་ཏེ་རང་རང་གི་ས་གནས་ཁག་ཏུ་ཕྱིར་ལོག་བྱས་ཡོད་པ་དང༌། དེ་བཞིན་ཡུལ་མི་མང་པོས་དབུས་གཞུང་གིས་སྟག་གྱེན་ལངས་ཚོགས་པའི་ཇག་པ་རྣམས་གཏོར་ཕམ་བཏང་ཟིན་པས། ཡུལ་མི་ཚོས་ས་ཞིང་རང་བདག་དང་རང་དབང་གི་ཐོག་ནས་འཚོ་བ་སྐྱེལ་རྒྱུ་ཡོང་གི་རེད་ཅེས་དགའ་འབོད་བྱེད་བཞིན་ཡོད་པ་དང༌། དེ་བཞིན་ཤྲིལངྐའི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་ནས་གཡུལ་རྒྱལ་གྱི་རྟེན་འབྲེལ་སོགས་བྱས་ཏེ། ཤྲིལངྐ་རྒྱལ་ཁབ་ཆུང་ངུ་ཞིག་གིས་སྟག་གྱེན་ལངས་ཚོགས་པ་སྟོབས་ཆེན་དེ་མགོ་རྟིང་སློག་ཐུབ་པ་དེས་འཛམ་གླིང་རྒྱལ་ཁབ་མང་པོ་ཧང་སང་དུ་བཅུག་ཡོད་པ་རེད།།